ཁུ་པཱའི་ས་ཁུལ་མང་བོ་ནས་འདུ་ཚོགས་ཁྲོམ་སྐོར་བྱས་ཏེ་ཨ་མེ་རི་ཁས་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན།
2025.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁུ་པཱའི་ས་ཁུལ་མང་བོས་ཟླ5བའི་ཚེས1ཉིན་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་འདུ་ཚོགས་ཁྲོམ་སྐོར་བྱ་འགུལ་བསྡུས་པ་དང་། མང་ཚོགས་ས་ཡ་འགའ་སྲང་ལམ་དུ་སོང་ནས། ཨ་མེ་རི་ཁས་ཁུ་པཱའི་བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན།

རྒྱལ་ས་ཧཱ་ཝ་ནཱའི་གསར་བརྗེའི་ཐང་ཆེན་དུ། ཁུ་པཱའི་གསར་བརྗེའི་གཙོ་འཛིན་ལའོ་ཨར་ཁཱ་སི་ཐི་ལོ་དང་ཁུ་པཱ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ། ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་བཅས་བྱ་འགུལ་ལ་ཞུགས།

ཁུ་པཱའི་བཟོ་བའི་ཀྲུང་དབྱང་བཟོ་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཅི་ལཱ་ཐི་ཡིས་གསར་བརྗེའི་ཐང་ཆེན་དུ་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་བཀག་སྡོམ་སྲིད་ཇུས་ལ་རྒོལ་གཏམ་བཏང་བ་དང་། བཀག་སྡོམ་མེད་པར་གཏོང་དགོས་པའི་རེ་བ་བཏོན། ཁོས་བཤད་རྒྱུར། ཐི་ལིང་ཕུའུ་སྲིད་གཞུང་གིས་བཀག་སྡོམ་ལ་ཤུགས་སྣོན་བྱས་པ་དང་ཁུ་པཱ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་གྲས་སུ་བཞག་པ་དང་། དཔལ་འབྱོར་དཀའ་ཁག་བཟོས་ནས་ཁུ་པཱ་རྒྱལ་ཁབ་ཀྱི་གཏན་འཇགས་ལ་གཏོར་བརླག་བྱེད་འདོད་ཀྱང་། ཐེངས་འདིའི་འདུ་ཚོགས་ལས་ཁུ་པཱ་མི་དམངས་ཀྱིས་གསར་བརྗེའི་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ཡང་བསྐྱར་མཚོན་ཡོད་ཟེར།

དེའི་རྗེས་སུ་ཁྲོམ་སྐོར་རུ་དཔུང་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཁུ་པཱ་མཉམ་འཛུགས་བྱེད་ཅེས་པའི་ཁ་གཡང་བྲིས་པའི་འཕྲེད་བྱང་ཆེན་མོའི་སྣེ་ཁྲིད་འོག ཡུལ་དངོས་ཀྱི་མང་ཚོགས་དག་གིས་ཁུ་པཱ་རྒྱལ་ཁབ་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་དང་། གསར་བརྗེའི་གཙོ་འཛིན་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་དང་གསར་བརྗེའི་དཔོན་པོ་ཆེ་ཀི་ཝ་ལཱ་གཉིས་ཀྱི་འདྲ་རིས་མཐོན་པོར་བཏེགས་ཡོད།

ཁུ་པཱའི་དཔོན་ཕྱོགས་ཀྱི་དྲ་ཚིགས་ཁུ་པཱའི་དཔྱད་གླེང་ཞེས་པས་བསྒྲགས་པ་ལྟར་ན། ཉིན་དེར་ཧཱ་ཝ་ནཱ་རུ་ཁྲོམ་སྐོར་ལ་ཞུགས་པའི་མི་གྲངས་འབུམ་དྲུག་ལས་བརྒལ་བ་དང་། རྒྱལ་ཡོངས་ཀྱི་ཟབ་ཞུགས་མི་གྲངས་མི་ས་ཡ་ལྔ་དང་འབུམ་གསུམ་ལྷག་ལ་བསླེབས་ཡོད་ཟེར། རྒྱལ་ས་ལས་གཞན་ཧྲིན་ཏིས་ཡཱ་ཀི་ཞིང་ཆེན་དང་པུས་ཡཱ་ཁི་ལཱ་ལཱ་ཞིང་ཆེན། ཀོན་ཐཱ་ནཱ་མའོ་ཞིང་ཆེན་སོགས་སུའང་ཉིན་དེར་གཞི་རྒྱ་ཆེ་བའི་འདུ་ཚོགས་བྱ་འགུལ་སྤེལ་བ་རེད་ཟེར།

ཁུ་པཱ་སྲིད་གཞུང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཨ་མེ་རི་ཁས་ཁུ་པཱའི་ལོ་ངོ་བཅུ་ཕྲག་འགའི་དཔལ་འབྱོར་དང་དངུལ་ལོར་བཀག་སྡོམ། ཉོ་ཚོང་སྐྱེལ་འདྲེན་གཏན་འགོག་བཅས་ལས་ཁུ་པཱ་རྒྱལ་ཁབ་ལ་རིམ་བསགས་ཀྱིས་མེ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་ལྷག་གི་གྱོང་གུད་བཟོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།