ཐན་ཏི་སེ་ཡིས་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་དངུལ་གསོག་དེ་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་བའི་ཟང་ཟིང་ལ་འཕྲད་ཡོད་པའི་ཚུལ་བསྟན།
2025.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས1ཉིན་རི་ནེ་ཝ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོ་ལོ་རྒྱུས་སྟེང་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་དངུལ་གསོག་དེ་ཆེས་ཚབས་ཆེ་བའི་ཟང་ཟིང་ལ་འཕྲད་ཡོད་ཟེར། ཁོས་བསྟན་དོན། ཕྱི་རྒྱལ་གྱི་འཕེལ་རྒྱས་རོགས་སྐྱོར་ཇེ་ཉུང་དུ་སོང་བ་དང་། འགྲན་རྩོད་ཆེ་བའི་དཔལ་འབྱོར་ཉོ་ཚོང་ཁོར་ཡུག་དབང་གིས་སྤྱི་བའི་འཕྲོད་བསྟེན་ཁྱབ་ཁོངས་སུ་རྙོག་དྲ་བཟོ་བཞིན་ཡོད་ཟེར།

ཐན་ཏི་སེ་ཡིས་སྣང་མེད་དུ་བསྐྱུར་བའི་ཚ་ཁུལ་གྱི་ནད་དཔེར་དྲངས་ནས། རིམས་ནད་འདི་རིགས་ཀྱིས་མི་ཐེར་འབུམ་གཅིག་ལྷག་ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཆེས་དབུལ་ཕོངས་ཡིན་ཞིང་ཆེས་མཐའ་འཁོབ་ཀྱི་སྡེ་ཁག་དག་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་ལ། རིམས་ནད་དེ་རིགས་གསོ་བཅོས་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་ཇེ་ཞན་དུ་འགྲོ་བའི་ཉེན་ཁར་འཕྲད་ཡོད་པའི་ཉེན་བརྡ་བཏང་།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་གྱི་དཔོན་ཕྱོགས་རྒྱུ་ཆ་ལས་མཚམས་སྦྱོར་བྱས་དོན། སྣང་མེད་དུ་བསྐྱུར་བའི་ཚ་ཁུལ་གྱི་ནད་ཅེས་པ་ནི་ནད་རུག་དང་འབུ་ཕྲ། གཞན་བརྟེན་འབུ་ཕྲ་སོགས་ནད་གཞི་སྣ་ཚོགས་ལས་བྱུང་བའི་རིམས་ནད་ལ་གོ་བ་ཡིན་ལ། གཙོ་བོ་ཚ་ཁུལ་གྱི་དབུལ་ཕོངས་སྡེ་ཁུལ་དུ་འགོ་བ་དང་། ཆགས་འཇིག་རང་བཞིན་གྱི་མཇུག་འབྲས་བཟོ་སྲིད་པ་ཡིན་ཟེར།

ཐན་ཏི་སེ་ཡིས་བསྟན་དོན། སྣང་མེད་དུ་བསྐྱུར་བའི་ཚ་ཁུལ་གྱི་ནད་ནས་འདས་པའི་ལོ་ངོ་ཉི་ཤུའི་རིང་ལ། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཉེར་དྲུག་གི་མི་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་གྱིས་བཟོ་བཅོས་ཐེངས་ཐེར་འབུམ་གསུམ་ལྷག་དང་ལེན་བྱས་ཡོད། རྒྱལ་ཁབ་བཅུ་བཞི་ཡིས་ཁྲག་འཇིབ་འབུའི་ནད་དང་རྒྱུ་འབུ་སོགས་སྣང་མེད་དུ་བསྐྱུར་བའི་ཚ་ཁུལ་གྱི་ནད་འགོ་བར་བཀག་འགོག་བྱས་ཡོད་པ་དང་། བྷང་ག་ལཱ་དང་པེ་ཉིང་། ཁམ་ཕུ་ཀྲེ། ཁོ་ལོམ་པུ་ཡཱ། ཨེ་ཀྭ་ཏོར། ཀཱ་ནཱ་སོགས་རྒྱལ་ཁབ་ཀྱིས་ཉུང་མཐར་ཡང་སྣང་མེད་དུ་བསྐྱུར་བའི་ཚ་ཁུལ་གྱི་ནད་རིགས་གཅིག་རེ་མེད་པར་བཏང་ཡོད་ཟེར།

ཐན་ཏི་སེ་ཡིས་བསྟན་དོན། ཨ་མེ་རི་ཁས་མ་དངུལ་ཕྱིར་འཐེན་བྱས་པ་དང་དེའི་ཁར་ཞལ་འདེབས་ཕུལ་བའི་རྒྱལ་ཁབ་རེ་འགས་སྣང་མེད་དུ་བསྐྱུར་བའི་ཚ་ཁུལ་ནད་ཕྱོགས་ཀྱི་དངུལ་གཏོང་ཇེ་ཉུང་དུ་བཏང་བས། མི་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལྷག་གི་གསོ་བཅོས་མཚམས་བཞག་ཡོད་པ་དང་། སྨན་བཅོས་ཡོ་བྱེད་གསར་བའི་གསར་སྤེལ་ཐད་ཀྱི་དངུལ་གཏོང་ཡང་ཇེ་ཉུང་དུ་བཏང་ཡོད་ཟེར།

ཐན་ཏི་སེ་ཡིས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་ཆེས་དབུལ་ཕོངས་དང་ཆེས་མཐའ་འཁོབ་ཅན་གྱི་མང་ཚོགས་སྣང་མེད་དུ་བསྐྱུར་མི་རུང་ལ། འདས་པའི་ལོ་ངོ་བཅུ་ཕྲག་འའི་རིང་བླངས་པའི་གྲུབ་འབྲས་ལ་གཏོར་བརླག་ཀྱང་བྱེད་མི་རུང་བའི་སྐུལ་མ་བཏང་། ཁོས་ནན་གྱིས་བསྟན་དོན། རིམས་ནད་ལ་འཕེལ་འགྱུར་འབྱུང་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་སོང་བ་ལས་ས་ཁུལ་བར་གྱི་འཁྲུག་རྩོད་ཇེ་མང་དུ་སོང་ཡོད་ལ། རིམས་ནད་མུ་མཐུད་དུ་བྱུང་བ་ལས་མིའི་རིགས་ཀྱི་བདེ་ཐང་འཇིགས་ཉེན་ལ་འཕྲད་ཡོད་སྟབས། དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་དགོས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།