དབྱི་སི་རལ་གྱིས་སི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་ས་ཁུལ་གྱི་དམིགས་འབེན་ལ་འཇབ་རྒོལ་བྱས།
2025.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས2ཉིན་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་ཡོད་པའི་ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་ཀྱི་དམིགས་འབེན་ཞིག་ལ་འཇབ་རྒོལ་བྱས་པར་མ་ཟད། ཏི་ལུའུ་ཙི་གྲུབ་མཐའི་ཁོངས་མིར་སྲུང་སྐྱོབ་བྱེད་རྒྱུ་བསྐྱར་སྒྲོགབྱས།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ཚི་དང་མཉམ་དུ་མཉམ་འབྲེལ་གསལ་སྒྲོགསྤེལ་ཏེ་བཤད་རྒྱུར། དབྱི་སི་རལ་གྱིས་མདང་དགོང་ཏཱ་མཱ་ཧྲི་ཀིའི་ཙུང་ཐུང་བཞུགས་ཤག་གི་ཉེ་འདབས་ས་ཁུལ་དུ་འཇབ་རྒོལ་བྱས་པ་དང་། དེ་ནི་སི་རི་ཡཱའི་སྲིད་དབང་གིས་སྤེལ་བའི་བརྡ་གསལ་བོ་ཞིག་ཡིན་ལ། ང་ཚོས་སི་རི་ཡཱའི་དམག་དཔུང་དེ་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་སུ་བཀོད་སྒྲིག་བྱེད་པར་ཆོག་མཆན་འགོད་མི་སྲིད་པ་དང་། ཏི་ལུའུ་ཙི་སྡེ་ཁུལ་ལ་དམིགས་པའི་འཇིགས་ཉེན་གང་ཡང་སྤེལ་མི་རུང་ཟེར།

ཁཱ་ཚི་ཡིས་ཚེས1ཉིན་སི་རི་ཡཱ་ལ་ཉེན་བརྡ་བཏང་སྟེ། གལ་ཏེ་སི་རི་ཡཱའི་སྲིད་དབང་གིས་ཏི་ལུའུ་ཙི་སྡེ་ཁུལ་ལ་དམིགས་པའི་འཇབ་རྒོལ་མཚམས་མ་བཞག་ན། དབྱི་སི་རལ་གྱིས་ངོ་རྒོལ་དྲག་པོ་བྱེད་རྒྱུ་ཡིན་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་བསྟན་དོན། སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་གྱི་བཀོད་སྒྲིག་ཡོངས་འགྲུབ་བྱས་ནས། དགྲར་འཛིན་སྟོབས་ཤུགས་དེ་ཏི་ལུའུ་ཙི་སྡེ་བའི་ནང་ཡོང་བར་སྔོན་འགོག་གང་ལེགས་བྱེད་དགོས་ཟེར།

ལོ་མང་བོར་ནང་འཁྲུག་བྱུང་བའི་དབང་གིས་སི་རི་ཡཱའི་རིགས་རྒྱུད་མི་འདྲ་བ་དང་ཆོས་ལུགས་གྲུབ་མཐའ་མི་འདྲ་བའི་བར་ཡིད་ཆེས་མེད་པར་གྱུར་ཡོད། ཟླ4བའི་ཚེས28ཉིན་ཆོས་ལུགས་ལ་བརྙས་དམོད་བྱེད་པའི་ནང་དོན་ཅན་གྱི་སྒྲ་ཞིག་དྲ་ཐོག་ཏུ་སྤེལ་ཡོད་པ་དང་། བསྒྲགས་པ་ལྟར་ན་སྒྲ་དེ་ནི་ཏི་ལུའུ་ཙི་བའི་མི་ཞིག་ལས་བསྐུར་ཡོང་བ་རེད། སྒྲ་དེའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཏཱ་མཱ་ཧྲི་ཀིའི་ཤར་ལྷོའི་ཕྱོགས་དང་ལྷོ་ནུབ་ཕྱོགས་ཀྱི་ཏི་ལུའུ་ཙི་བའི་མིའི་འདུས་སྡོད་བྱེད་སར་བསྟུད་མར་ཉིན་འགའི་རིང་ལ་འཁྲུག་རྩོད་དང་འཇབ་རྒོལ་དོན་རྐྱེན་མང་དུ་བྱུང་བ་རེད།

ཏི་ལུའུ་ཙི་བའི་མི་དག་གཙོ་བོ་སི་རི་ཡཱ་དང་ལེ་པཱ་ནུན། དབྱི་སི་རལ་དང་དེས་བཙན་བཟུང་བྱས་པའི་ཀི་ལན་མཐོ་ས་བཅས་སུ་ཁྱབ་ཡོད་པ་དང་། དབྱི་སི་རལ་དང་སི་རི་ཡཱའི་ཏི་ལུའུ་ཙི་སྡེ་ཁུལ་བར་གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས་ཀྱི་འབྲེལ་བ་ཡོད། སི་རི་ཡཱའི་སྲིད་དབང་གི་མགོ་ཁྲིད་པ་ཧྲ་ལཱ་ཡིས་དབང་ཆ་བཟུང་རྗེས། དབྱི་སི་རལ་གྱིས་འབྲེལ་ཡོད་སྟོབས་ཤུགས་དེ་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་རྒྱ་བསྐྱེད་ནས་དབྱི་སི་རལ་གྱི་བདེ་འཇགས་ཐད་འཇིགས་ཉེན་ཐེབས་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད། དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་སྤེལ་ནས་ཏི་ལུའུ་ཙི་བའི་མི་ལ་སྲུང་སྐྱོབ་བྱེད་པར་མ་ཟད། སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་ནས་མི་མངོན་པའི་བདེ་འཇགས་ཉེན་ཁ་སྔོན་འགོག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།