ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་ཡིས་ཚེས2ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེ་སྔོན་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་ཡིད་རྟོན་རུང་ཞིང་མངོན་གསལ་དང་དབུས་གནས་ཀྱི་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཞཱ་པཱ་ཙི་ཡིས་ཉིན་དེར་ཕཱ་ཁི་སི་ཐན་དུ་སྡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱེད་སྐབས་རྒྱ་གར་སྲིད་གཞུང་གིས་ཁུངས་ལུང་ཅི་ཡང་མེད་པའི་སྐྱོན་འཛུགས་བྱས་པར་རྒོལ་གཏམ་བཏང་བདང་། རྒྱ་གར་ཕྱོགས་ཀྱིས་ཁུངས་ལུང་ཅི་ཡང་མེད་པའི་གནས་ཚུལ་འོག་ཕཱ་ཁི་སི་ཐན་དང་དོན་རྐྱེན་དེ་གཅིག་ཏུ་སྦྲེལ་རྩིས་བྱས་པ་རེད་ཟེར། ཁོས་བསྟན་དོན། ཕཱ་ཁི་སི་ཐན་དོན་རྐྱེན་དེར་འབྲེལ་བ་ཅི་ཡང་མེད་པར་མ་ཟད། མཛའ་མཐུན་རྒྱལ་ཁབ་བར་འབྲེལ་འདྲིས་བྱས་ནས་ཕཱ་ཁི་སི་ཐན་གྱི་ལངས་ཕྱོགས་རྒྱས་བཤད་བྱེད་བཞིན་ཡོད་ཟེར།

ཞཱ་པཱ་ཙི་ཡིས་བསྟན་དོན། ཕཱ་ཁི་སི་ཐན་ལ་འཇིགས་སྐུལ་རིང་ལུགས་ཀྱི་གནོད་པ་ཆེན་པོ་ཐེབས་ཡོད་ཅིང་། རྒྱ་གར་ཕྱོགས་ཀྱིས་ཀུ་ཡངས་གཏན་ནས་མི་གཏོང་བའི་རྣམ་འགྱུར་དང་བྱ་སྤྱོད་ཀྱིས་ཕཱ་ཁི་སི་ཐན་གྱིས་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་ནས་མུ་མཐུད་དུ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བར་གཏོར་བརླག་གཏོང་བཞིན་ཡོད་ཟེར། ཁོས་མཛའ་མཐུན་རྒྱལ་ཁབ་དག་གིས་བར་འདུམ་ལ་བརྟེན་ནས་མིག་སྔའི་ཛ་དྲག་གི་གན་བབ་ཞི་འཇགས་སུ་གཏོང་བ་དང་ཨེ་ཤ་ཡཱ་ལྷོ་མ་ས་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།