དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས2ཉིན་གྱི་དགོང་མོར་འཐབ་འཛིང་གནམ་གྲུ12མངག་ནས་སི་རི་ཡཱའི་མངའ་ཁོངས་ཀྱི་མེ་སྒྱོགས་གཏོང་འཕེན་བྱེད་ས་དང་ས་ངོས་ཀྱི་འཕུར་མདའི་གཏོང་འཕེན་སྒྲིག་ཆས་སོགས་དམིགས་འབེན་བཅུ་ཕྲག་འགའ་ལ་འཇབ་རྒོལ་བྱས་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་བཤད་རྒྱུར། མིག་སྔར་དམག་དཔུང་དག་སི་རི་ཡཱའི་ལྷོ་ཕྱོགས་སུ་བཀོད་སྒྲིག་བྱས་ཡོད་པ་དང་། དགྲར་འཛིན་སྟོབས་ཤུགས་དག་ས་ཁུལ་དེ་དང་ཏི་ལུའུ་ཙིའི་གྲོང་སྡེ་རུ་འགྲོ་བར་བཀག་འགོག་བྱེད་རྩིས་ཡོད་པ་དང་། དེའི་ཞོར་དུ་གནས་བབ་ཀྱི་འཕེལ་རྒྱས་ལ་མུ་མཐུད་དུ་ལྟ་རྟོག་བྱེད་པ་དང་འགོག་སྲུང་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབས་ནས། གནས་ཚུལ་མི་འདྲ་ཐག་གཅོད་བྱེད་པར་ནུས་པ་འདོན་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་དམག་དཔུང་གིས་ཚེས3ཉིན་གསལ་སྒྲོག་གཞན་ཞིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས2ཉིན་གྱི་དགོང་མོར་སི་རི་ཡཱའི་རྨས་སྐྱོན་ཕོག་པའི་ཏི་ལུའུ་ཙི་བའི་མི་ལྔ་དབྱི་སི་རལ་གྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་དུ་བཅུག་ཡོད་ཟེར།
གཞན་ཡང་དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་མཁའ་དམག་གི་གྱེན་འཕུར་གནམ་གྲུ་ཞིག་གིས་ཚེས2ཉིན་གྱི་དགོང་མོར་སི་རི་ཡཱའི་ལྷོ་ཕྱོགས་ཀྱི་ཏི་ལུའུ་ཙི་སྡེ་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་བ་དང་། དེ་ནི་དབྱི་སི་རལ་གྱི་དམག་དཔུང་གིས་ཐོག་དང་པོར་གྱེན་འཕུར་གནམ་གྲུ་བཀོལ་ནས་སི་རི་ཡཱའི་ཏི་ལུའུ་ཙི་བའི་སྡེ་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱས་པ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།