སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་སུའུ་ཏན་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཞིག་ཏུ་མི་སེར་དཀྱུས་མ300ཙམ་གཞན་གྱིས་དམར་གསོད་བཏང་ཡོད་པའི་ཚུལ་བསྟན།
2025.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སུའུ་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚེས2དང་ཚེས3ཉིན་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཞི་ཁི་ཨར་ཏའོ་ཧྥན་མངའ་སྡེའི་ནོའུ་ཧུའུ་ཏི་གྲོང་ཁྱེར་ནས་མི་སེར་དཀྱུས་མ300ཙམ་དམར་གསོད་བཏང་ཡོད་ཟེར།

གསལ་སྒྲོག་ལས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིའི་རིགས་ལ་རྒོལ་བའི་ནག་ཉེས་བཟོས་པར་རྒོལ་གཏམ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་ནག་ཉེས་བྱ་སྤྱོད་དེ་རིགས་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

གཞན་ཡང་སུའུ་ཏན་སྨན་པའི་མཉམ་འབྲེལ་ཚོགས་པས་ཚེས3ཉིན་བཤད་རྒྱུར། འདས་པོའི་གྲས་སུ་བུད་མེད15དང་བྱིས་པ21འདུས་ཡོད་ཟེར།

སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིག་སྔར་ད་རུང་འཇབ་རྒོལ་དོན་རྐྱེན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།