འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ཚེས3ཉིན་བསྟན་དོན། ཨ་མེ་རི་ཁས་ཉིན་དེ་ནས་བཟུང་རླངས་འཁོར་གྱི་ལྷུ་ལག་གཙོ་བོར་བརྒྱ་ཆའི་ཉེར་ལྔའི་སྒོ་ཁྲལ་ཁ་སྣོན་བྱེད་མགོ་བརྩམས་པར་འཕང་སེམས་ཆེན་པོ་སྐྱེས་ཡོད་པ་དང་། མུ་མཐུད་དུ་ཨ་མེ་རི་ཁས་ཡང་བསྐྱར་འབྲེལ་ཡོད་ཀྱི་སྒོ་ཁྲལ་བྱེད་ཐབས་ལ་དཔྱད་ཞིབ་བྱེད་དགོས་པའི་རེ་བ་བཏོན།
འཇར་པན་རྒྱང་སྒྲོག་མཐུན་ཚོགས་ཀྱིས་བསྒྲགས་པ་ལྟར་ན། ཧྲི་ཕའོ་མའོ་ཡིས་ཉིན་དེར་འཇར་པན་གྱི་དཔལ་འབྱོར་སླར་གསོའི་བློན་ཆེན་ཁྲུ་ཙེ་ལིང་ཀྲིན་དང་གྲོས་མོལ་བྱས་ཏེ། སྐོར་ཐེངས་གཉིས་པའི་འཇར་པན་དང་ཨ་མེ་རི་ཁའི་སྒོ་ཁྲལ་གྲོས་མོལ་གྱི་གནས་ཚུལ་སྙན་ཞུར་ཉན་པ་དང་། ཁྲུ་ཙེ་ལིང་ཀྲིན་སྐོར་ཐེངས་གཉིས་པའི་འཇར་པན་དང་ཨ་མེ་རི་ཁའི་སྒོ་ཁྲལ་གྲོས་མོལ་ལ་ཞུགས་རྗེས་ཕྱིར་ལོག་མ་ཐག་རེད། ཧྲི་ཕའོ་མའོ་ཡིས་གྲོས་མོལ་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། འཇར་པན་གྱིས་ཨ་མེ་རི་ཁའི་བར་རླངས་འཁོར་དང་རྣོ་ལྕགས། ཧ་ཡང་སོགས་ཀྱི་ཐོན་རྫས་འདུས་པའི་སྒོ་ཁྲལ་བྱེད་ཐབས་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད། འཇར་པན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ལངས་ཕྱོགས་ཐད་འགལ་བ་ཡོད་ལ། མིག་སྔར་ད་རུང་ཐུན་མོང་གི་ལྟ་ཚུལ་བྱུང་མེད་ཟེར།
འཇར་པན་རྒྱང་སྒྲོག་མཐུན་ཚོགས་ཀྱིས་འཇར་པན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་སྐད་ཆ་དྲངས་ནས་བཤད་རྒྱུར། སྐོར་ཐེངས་གཉིས་པའི་གྲོས་མོལ་ཁྲོད་འཇར་པན་ཕྱོགས་ཀྱིས་ཡང་བསྐྱར་སྒོ་ཁྲལ་གྱི་བྱེད་ཐབས་རབ་དང་རིམ་པར་དཔྱད་ཞིབ་བྱེད་དགོས་པའི་རེ་བ་དྲག་པོ་བཏོན་ཡང་། ཨ་མེ་རི་ཁ་ཕྱོགས་ཀྱིས་རླངས་འཁོར་དང་རྣོ་ལྕགས་སོགས་ཐོན་རྫས་ཐད་ནས་འཇར་པན་ལ་དམིགས་བསལ་སྟེར་མི་རུང་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།