ཝུའུ་ཆི་ཆི་ཡིས་ལུས་ཕུང་བདེ་ཐང་དབང་གིས་ཨ་མེ་རི་ཁའི་འཚམས་འདྲི་སྔ་སྣུར་གྱིས་མཇུག་སྒྲིལ།
2025.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེ་རུ་འཚམས་འདྲི་བྱེད་བཞིན་པའི་སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ལ་ཚེས3ཉིན་གློ་བུར་དུ་བདེ་ཐང་གནད་དོན་བྱུང་བའི་དབང་གིས་ཨ་མེ་རི་ཁའི་འཚམས་འདྲིའི་འགྲུལ་བཞུད་ཀྱི་ཡུན་ཚད་ཇེ་ཐུང་དུ་བཏང་ནས། མྱུར་མོར་སེར་ཝེ་ཡཱ་རུ་ཕྱིར་ལོག་རྒྱུ་ཐག་བཅད།

སེར་ཝེ་ཡཱའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཝུའུ་ཆི་ཆི་ཡིས་ཨ་མེ་རི་ཁའི་དུས་ཚོད་ཚེས2ཉིན་གྱི་ཕྱི་དྲོར་ཨ་མེ་རི་ཁའི་དམངས་གྲོས་ཁང་གི་གྲོས་མི་ཁི་ལའོ་ཏིས་ཡཱ་ཐན་ནེ་དང་དབྱེ་ལེ་ནོའུ་དབྱེ་མངའ་སྡེའི་སྔོན་ཆད་ཀྱི་མགོ་བ་པུའུ་ལཱ་ཀི་ཡེ་ཝེ་ཆི། དེ་མིན་སེར་ཝེ་ཡཱའི་རིགས་ཀྱི་ཚོང་དོན་ལས་རིགས་ཀྱི་འཐུས་མི་བཅས་དང་གྲོས་མོལ་རབ་དང་རིམ་པ་སྤེལ་རྗེས་ལུས་ཕུང་མི་བདེ་བའི་ཚོར་བ་བྱུང་བ་དང་། སྨན་པར་བློ་འདྲི་བྱས་རྗེས་ཝུའུ་ཆི་ཆི་ཡིས་འཚམས་འདྲིའི་འཆར་གཞི་རྩིས་མེད་དུ་བཏང་ནས་མྱུར་མོར་ཕྱིར་སེར་ཝེ་ཡཱ་རུ་ལོག་རྒྱུ་ཐག་བཅད་པ་རེད་ཟེར།

བསྒྲགས་པ་ལྟར་ན། ཙུང་ཐུང་བཞུགས་ཤག་གཞུང་སྒྲུབ་ཁང་གིས་མ་འོངས་པའི་ཉིན་འགའི་ནང་ཝུའུ་ཆི་ཆི་ཡི་བདེ་ཐང་གནས་ཚུལ་བྱེ་བྲག་ཏུ་ཡོངས་བསྒྲགས་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཆེད་མངག་ཕོ་ཉ་ལི་ཁྲ་ཏི་ཀི་ལོས་ནེ་ཨར་གྱིས་དྲ་ཚིགས་བརྒྱུད་དེ་ཝུའུ་ཆི་ཆི་སྔ་མོ་ནས་བདེ་ཐང་ཡོང་བ་དང་ཡོད་ཚད་བདེ་བླག་ཡོང་བའི་སྨོན་འདུན་ཞུས། ང་ཚོ་དངོས་སུ་ཐུག་མ་ཐུབ་པར་འཕང་སེམས་ཡོད་ཀྱང་ཡོད་ཚད་བདེ་བླག་ཡོང་བར་རེ་བཞིན་ཡོད་ཟེར།

ཝུའུ་ཆི་ཆི་ནི་ཟླ4བའི་ཚེས30ཉིན་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏཱ་མངའ་སྡེ་རུ་འབྱོར་ནས་ཨ་མེ་རི་ཁར་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། སྔོན་གྱི་འཆར་གཞི་ལྟར་ན་ཀི་ལོས་ནེ་ཨར་དང་བཅས་པའི་ཨ་མེ་རི་ཁའི་དཔོན་རིགས་མང་བོར་གྲོས་མོལ་བྱེད་རྩིས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།