ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཚེས2ཉིན་ཧཱ་ཝ་ནཱ་ནས་བཤད་རྒྱུར། ཁུ་པཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ65འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་བརྒྱུད་ཀྱང་། ཐོག་མཐའ་བར་གསུམ་དུ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ད་ལྟ་ལོ་རྒྱུས་ཀྱི་ཆེས་མཐོའི་ཆུ་ཚད་དུ་གནས་ཡོད་ཟེར།
སྐབས་ཞེ་གསུམ་པའི་ཁུ་པཱ་རྒྱལ་སྤྱིའི་ཡུལ་སྐོར་འགྲེམ་སྟོན་ཚོགས་འདུའི་ཀྲུང་གོའི་བརྗོད་དོན་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱས་རྗེས། ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བསྟན་དོན། ལོ་ངོ65རིང་ལ། ཁུ་པཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོ་ནས་འབྲེལ་འདྲིས་ཟབ་མོ་སྲུང་འཛིན་བྱས་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པའི་མཉམ་ལས་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་བསླེབས་པར་སྐུལ་འདེད་བཏང་ཡོད་ཟེར།
སྐབས་འདིའི་འགྲེམ་སྟོན་ཚོགས་འདུའི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་སེམས་ཞིབ་མོས་ཇུས་འགོད་བྱས་པའི་བརྗོད་དོན་འགྲེམ་སྟོན་ཁང་གིས་ཁུ་པཱའི་མང་ཚོགས་ལ་ཀྲུང་གོའི་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་རྔམ་མཐུག་པའི་རིག་གནས་ཀྱི་རང་མདངས་མངོན་པར་བྱས་ཡོད། ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ཀྲུང་གོ་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུང་གོའི་འགྲེམ་སྟོན་ཁང་དེ་མཛེས་པ་ཕུལ་དུ་ཕྱིན་པ་ཞིག་ཡིན་ཞིང་། གསོན་ཉམས་ལྡན་པའི་སྒོ་ནས་ཀྲུང་གོའི་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་མངོན་པར་བྱས་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཁུ་པཱ་ཡིས་ཀྲུང་གོའི་རིག་གནས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། སྔར་ལས་མང་བའི་ཀྲུང་གོའི་ཡུལ་སྐོར་བ་ཁུ་པཱ་རུ་ཡོང་བར་རེ་སྒུག་བྱས་ཡོད་ཟེར།
ཏིས་ཡཱ་སི་ཁཱ་ནེ་ཨར་གྱིས་ནན་གྱིས་བསྟན་དོན། ད་ལྟའི་གཏན་འཇགས་མིན་པའི་འཛམ་གླིང་དུ་ཕྱོགས་གཅིག་རིང་ལུགས་དང་བཙན་དབང་བྱ་སྤྱོད་ཀྱིས་ཕྱོགས་མང་མཉམ་ལས་ཀྱི་ཚབ་བྱེད་རྩིས་བྱེད་པའི་སྐབས་སུ། ཀྲུང་གོས་འདྲ་མཉམ་དང་བརྩི་འཇོག་གི་རྣམ་འགྱུར་བཟུང་ནས་ཁུ་པཱའི་བར་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱས་ཡོད་ལ། དེ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།