ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་དུ་དམག་མི་ཁ་སྣོན་བྱས་ན་ས་ཁུལ་རང་གི་བདེ་འཇགས་ངེས་གཏན་མེད་པའི་རང་བཞིན་ཇེ་དྲག་ཏུ་འགྲོ་སྲིད།
2025.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས3ཉིན་དམག་དོན་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་ས་ཁུལ་དུ་དཔུང་འཇུག་རང་བཞིན་གྱི་དམག་མི་ཁ་སྣོན་བྱེད་པའི་བྱ་འགུལ་དེས་ས་ཁུལ་རང་གི་བདེ་འཇགས་ངེས་གཏན་མེད་པའི་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་སྲིད་ཟེར།

རྩོམ་ཡིག་ལས་བསྟན་དོན། ཨ་མེ་རི་ཁས་ཉེ་སྔོན་ཨ་ལཱ་སི་ཅཱ་མངའ་སྡེའི་ཀི་ལི་ལེ་པའོ་དམག་དོན་རྟེན་གཞིར་དགྲ་བོའི་གླིང་ཆེན་བར་གྱི་འཕུར་མདའ་འགོག་པའི་ལད་བཟོའི་སྦྱོང་བརྡར་སྤེལ་བ་དང་། ས་ཁུལ་རང་གི་འགོག་སྲུང་གི་མིང་བཟུང་ཡོད་ཀྱང་། དོན་དངོས་སུ་ཁྲའོ་ཞན་བར་གྱི་ཉིང་རྡུལ་ནུས་པའི་འཐབ་འཁྲུག་དེ་དོན་དངོས་ཀྱི་དཔུང་འཇུག་རང་བཞིན་གྱི་དམག་དོན་འགུལ་སྐྱོད་དུ་བྱས་ཡོད་ཟེར།

རྩོམ་ཡིག་ལས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་བར་ཉིང་རྡུལ་ནུས་པའི་འཐབ་འཁྲུག་བྱེད་འདོད་མེད་ན། ཁྲའོ་ཞན་གྱི་འཐབ་ཇུས་ཉིང་རྡུལ་ནུས་པའི་མཚོན་ཆ་དེས་ཨ་མེ་རི་ཁའི་ས་ཁོངས་དམིགས་སུ་འཛིན་པའི་གནས་ཚུལ་འབྱུང་མི་སྲིད་ལ། བཀག་འགོག་བྱེད་པའི་དགོས་པ་དེ་བས་ཀྱང་མེད་ཟེར།

རྩོམ་ཡིག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་ཉེ་སྔོན་ཁྲའོ་ཞན་ཕྱེད་གླིང་ས་ཁུལ་ནས་འཐབ་ཇུས་འགས་གཏོར་གནམ་གྲུ་དང་ཡིབ་ནུས་ལྡན་པའི་འཐབ་འཛིང་གནམ་གྲུ་སོགས་གཅིག་བསྡུས་བྱེད་པའི་འགུལ་སྐྱོད་ལས་ཨ་མེ་རི་ཁས་འགོག་སྲུང་གི་ཕྱོགས་སོ་སོའི་དམག་གྲབས་སྟོབས་ཤུགས་མཐོར་འདེགས་བྱེད་པའི་དམག་མིའི་ཁ་སྣོན་བྱ་འགུལ་དེ་སྟོབས་ཤུགས་མངོན་པའི་ཆུ་ཚད་ལས་རིང་དུ་བརྒལ་ཡོད་ལ། དོན་དངོས་འགུལ་སྐྱོད་ཀྱི་གྲ་སྒྲིག་དུས་རིམ་དུ་བསླེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།