ཡེ་མིན་གྱི་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ཙུང་ལི་གསར་བ་བསྐོ་འཇོག་བྱས།
2025.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་སཱ་པཱ་འཕྲིན་གཏོང་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། ཡེ་མིན་གྱི་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་མུས་ཀྱིས་ཉིན་དེར་ནོར་སྲིད་པུའུ་ཀྲང་པུའུ་ལའེ་ཁི་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཟེར།

བསྒྲགས་པ་ལྟར་ན། ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གིས་ད་རུང་སྲིད་གཞུང་གི་པུའུ་ཀྲང་གཞན་པ་དག་གི་ལས་འགན་སོར་འཇོག་བྱེད་རྒྱུ་ཐག་བཅད་པ་དང་། སྔོན་ཆད་ཀྱི་ཙུང་ལི་མུའུ་པཱ་ལཱ་ཁི་ཡིས་ཙང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་བློ་འདོན་པའི་འགན་ཁུར་རྒྱུ་ཐག་བཅད་ཡོད་ཀྱང་། མུའུ་པཱ་ལཱ་ཁི་ཡིས་ཉིན་དེའི་སྔ་དྲོར་ཡེ་མིན་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་ཡོད་ཟེར།

པུའུ་ལའེ་ཁི་ཡིས2018ལོར་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་བ་དང་། དེའི་སྔོན་ཡེ་མིན་སྲིད་གཞུང་གི་ནོར་སྲིད་སྡེ་ཁག་དང་སྒོ་ཁྲལ་སྡེ་ཁག་ཏུ་ལས་འགན་ཁུར་མྱོང་།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས2014ལོའི་ཟླ9བར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་བཙན་བཟུང་བྱས་རྗེས། ཡེ་མིན་དུ་དྲག་ཆས་འཁྲུག་རྩོད་རྒྱུན་ཆད་མེད་པར་བྱུང་། མིག་སྔར་ཧུའུ་སེ་དྲག་ཆས་པས་རྒྱལ་ཁབ་དེའི་བྱང་ངོས་ཀྱི་ས་ཁུལ་ཆེན་པོར་ཚོད་འཛིན་བྱས་ཡོད་པ་དང་། ཡེ་མིན་སྲིད་གཞུང་གིས་གཙོ་བོ་ལྷོ་ཕྱོགས་དང་ཤར་ཕྱོགས་ས་ཁུལ་བདག་བཟུང་བྱས་ཡོད། བསྟུད་མར་ལོ་འགའི་རིང་གི་འཐབ་འཁྲུག་ལས་ཡེ་མིན་གྱི་མང་ཚོགས་ལ་དཀའ་སྡུག་ཆེན་པོ་བཟོས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།