ལཱ་ཐའོ་ཝེ་ཡཱ་ཡིས་ཚེས4ཉིན་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ། རྒྱལ་ཁབ་རང་བཙན་སླར་གསོ་བྱས་ནས་ལོ་ངོ35འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
ཉིན་དེར་ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་ལིན་ཁི་ཝེ་ཆི་སི་སོགས་ཆབ་སྲིད་མགོ་ཁྲིད་པ་དང་མང་ཚོགས་ཀྱི་འཐུས་མིས་རྒྱལ་ས་ལི་ཅཱ་ཡི་རང་དབང་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།
ལིན་ཁི་ཝེ་ཆི་སི་ཡིས་ཉིན་དེར་གྲོས་ཁང་ནས་བསྡུས་པའི་དགའ་སྟོན་རྟེན་འབྲེལ་གྱི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། མིག་སྔར་འཛམ་གླིང་གི་བདེ་འཇགས་སྒྲིག་ལམ་དང་དཔལ་འབྱོར་མ་ལག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་། ང་ཚོས་འཛམ་གླིང་འདིའི་འབྱུང་འགྱུར་གྱི་གནས་ཚུལ་ཅི་འདྲ་ཡིན་པ་རྟོགས་དཀའ་བར་མངོན། ཡིན་ཡང་ཟང་ཟིང་གི་དུས་རབས་འདིར། ང་ཚོ་མི་ཚང་མས་ངེས་པར་དུ་ཀླད་པ་གསལ་བོ་སྲུང་འཛིན་བྱས་ནས་རང་ཉིད་ཀྱི་སེམས་ཁོང་གི་འབོད་པར་ཉན་ཏེ་བྱེ་བྲག་གི་འགུལ་སྐྱོད་སྤེལ་དགོས་ཟེར།
རང་བཙན་སླར་གསོའི་རྗེས་དྲན་ཉིན་མོ་ནི་ལཱ་ཐའོ་ཝེ་ཡཱའི་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་། ད་ལོར་ལཱ་ཐའོ་ཝེ་ཡཱའི་ས་ཁུལ་མང་བོས་དུས་ཆེན་གྱི་ཁྲོམ་སྐོར་དང་རོལ་དབྱངས་ཚོགས་འདུ། འགྲེམ་སྟོན་སོགས་བྱ་འགུལ་སྣ་ཚོགས་སྤེལ་ཡོད་ལ། མང་ཚོགས་ཀྱིས་དྲ་ཚིགས་བརྒྱུད་དེ་དགའ་སྟོན་དུས་ཆེན་གྱི་པར་རིས་དང་བརྙན་རིས་མཉམ་སྤྱོད་བྱས་ཡོད།
ལཱ་ཐའོ་ཝེ་ཡཱ་ནི་སྔོན་ཆད་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲས་ཡིན་པ་དང་། 1990ལོའི་ཟླ5བའི་ཚེས4ཉིན། ལཱ་ཐའོ་ཝེ་ཡཱའི་ཆེས་མཐོའི་སུའུ་ཝེ་ཨེ་ཡིས་རང་བཙན་སླར་གསོ་བྱེད་པའི་བསྒྲགས་གཏམ་ལ་ཆོག་མཆན་བཀོད་དེ། རྒྱལ་ཁབ་ཀྱི་མིང་དེ་ལཱ་ཐའོ་ཝེ་ཡཱ་སྤྱི་མཐུན་རྒྱལ་ཁབ་ཏུ་བསྒྱུར་བ་རེད། 2000ལོར་ལཱ་ཐའོ་ཝེ་ཡཱའི་གྲོས་ཁང་གིས་གྲོས་ཆོད་བཀོད་ནས་ཟླ5བའི་ཚེས4ཉིན་དེ་རང་བཙན་སླར་གསོའི་ཉིན་མོང་གཏན་འཁེལ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།