དབྱི་སི་རལ་གྱི་གནམ་གྲུ་ཐང་ལ་འཇབ་རྒོལ་ཐེབས་ནས་མཁའ་འགྲུལ་ཀུང་ཟི་མང་བོས་གནམ་གྲུ་གཏོང་མཚམས་བཞག
2025.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་འཕུར་མདའ་གཏོང་འཕེན་བྱས་པའི་ཤུགས་རྐྱེན་ལས། ཐི་ལཱ་ཝེ་ཧྥུའུ་རུ་ཡོད་པའི་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་གིས་ཚེས4ཉིན་གནམ་གྲུ་གཏོང་མཚམས་བཞག་པ་དང་། མཁའ་འགྲུལ་ཀུང་ཟི་མང་བོས་ཐི་ལཱ་ཝེ་ཧྥུའུ་བར་གྱི་གནམ་གྲུ་གཏོང་མཚམས་འཇོག་རྒྱུའི་ཚུལ་བསྟན།

དབྱིན་ཇིའི་མཁའ་འགྲུལ་ཀུང་ཟི་ཡིས་བསྟན་དོན། ཚེས7ཉིན་བར་ཐི་ལཱ་ཝེ་ཧྥུའུ་བར་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཡིན་ཟེར།

རྒྱ་གར་མཁའ་འགྲུལ་ཀུང་ཟི་ཡིས་གསལ་སྒྲོག་སྤེལ་ཏེ། ཀུང་ཟི་དེས་ཚེས6ཉིན་བར་ཐི་ལཱ་ཝེ་ཧྥུའུ་བར་གྱི་གནམ་གྲུ་གཏོང་མཚམས་བཞག་སྟེ། སྐུ་མགྲོན་དང་ལས་བཟོ་བའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། གནམ་གྲུ་ཐང་གི་འགན་ཁུར་བ་ཞིག་གིས་སྨྱན་བྱད་ལ་བཤད་རྒྱུར། རྒྱ་གར་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་ཞིག་གིས་འཕུར་ལམ་བསྒྱུར་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ལ་འཕུར་ཡོད་ཟེར།

འཇར་མན་གྱི་ཧན་ཧྲ་མཁའ་འགྲུལ་སྡེ་ཚོགས་ཀྱིས་བསྟན་དོན། མིག་སྔའི་གནས་ཚུལ་ལ་གཞིགས་ནས་སྡེ་ཚོགས་དེས་ཚེས6ཉིན་བར་ཐི་ལཱ་ཝེ་ཧྥུའུ་བར་གྱི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་ཏཱ་མཱེ་མཁའ་འགྲུལ་ཀུང་ཟི་ཡིས་ཀྱང་ཚེས4ཉིན་ཉིག་ཡའོ་ཁུན་ནེ་ཏིས་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཐི་ལཱ་ཝེ་ཧྥུའུ་རུ་འཕུར་བའི་གནམ་གྲུ་དང་ཚེས5ཉིན་ཐི་ལཱ་ཝེ་ཧྥུའུ་ནས་འཕུར་བའི་གནམ་གྲུ་གཏོང་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས4ཉིན་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཉིན་དེའི་སྔ་དྲོར་དབྱི་སི་རལ་དུ་འཕུར་མདའ་གཏོང་འཕེན་བྱས་པ་དང་། འཕུར་མདའི་ཆག་རོ་ཐི་ལཱ་ཝེ་ཧྥུའུ་ཡི་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ཉེ་འདབས་སུ་ལྷུང་ཡོད་ཟེར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཉིན་དེར་བཤད་རྒྱུར། འཕུར་མདའ་གཏོང་འཕེན་བྱས་པ་དེ་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།