དབྱི་སི་རལ་གྱི་ཙུང་ལི་ཡིས་གནམ་གྲུ་ཐང་དུ་འཕུར་མདའི་འཇབ་རྒོལ་ཐེབས་པའི་ཐད་ནས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པ་དང་དབྱི་ལིང་ལ་འཁོན་ལན་སློག་རྒྱུའི་ཚུལ་བསྟན།
2025.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས4ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཉིན་དེའི་སྔ་དྲོར་ཐི་ལཱ་ཝེ་ཧྥུའུ་ཡི་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འཕུར་མདའི་འཇབ་རྒོལ་བྱས་པར་དམིགས་ནས། དབྱི་སི་རལ་གྱིས་རྩ་འཛུགས་དེ་དང་དེའི་མནའ་མཐུན་གྲོགས་པོ་དབྱི་ལིང་ལ་འཁོན་ལན་སློག་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་འཇབ་རྒོལ་དེ་དབྱི་ལིང་ནས་མགོ་བརྩམས་པ་དང་། དབྱི་སི་རལ་གྱིས་དུས་ཚོད་དང་ས་གནས་གདམ་གསེས་བྱས་ནས་ཧུའུ་སེ་དྲག་ཆས་པ་དང་དེའི་ལྟག་རྒྱབ་ཀྱི་དབྱི་ལིང་ལ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། ཉིན་དེའི་སྔ་དྲོར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བརྙན་རིས་གཏམ་བཤད་སྤེལ་ཏེ་ཧུའུ་སེ་དྲག་ཆས་པར་ཉེན་བརྡ་བཏང་། དབྱི་སི་རལ་གྱིས་སྔོན་ཆད་ཁོ་ཚོར་ཆམ་ཕབ་བཏང་མྱོང་བ་དང་། མ་འོངས་པར་ཡང་མུ་མཐུད་དུ་ཆམ་ཕབ་གཏོང་ངེས་ཡིན་ཟེར།

ཚེས4ཉིན་གྱི་སྔ་དྲོར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་དབུས་ཕྱོགས་ཀྱི་པིན་ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྒྲའི་འགྲོས་ཚད་ལས་བརྒལ་བའི་འཕུར་མདའ་གཏོང་འཕེན་བྱས། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་འཕུར་མདའི་འགོག་སྲུང་མ་ལག་དང་ཨ་མེ་རི་ཁའི་དམག་དཔུང་གིས་བཀོད་སྒྲིག་བྱས་པའི་སཱ་ཏི་འཕུར་མདའི་འགོག་སྲུང་མ་ལག་བཀོལ་ནས་འཕུར་མདའ་བཀག་འགོག་བྱས་ཀྱང་ལེགས་འགྲུབ་མ་བྱུང་ཟེར།

དེ་ལས་གཞན་དབྱི་སི་རལ་གྱི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཨེ་ཡཱ་ལེ་ཀྲ་མུས་ཨར་གྱིས་ཚེས4ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་གྲ་སྒྲིག་དམག་མི་ཁྲི་ཕྲག་མང་བོར་བཀའ་རྒྱ་བཏང་སྟེ། ཅཱ་ཧྲ་ས་ཁུལ་གྱི་དཔུང་འཇུག་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།