འདས་པའི་དུས་ཚོད24རིང་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི40རྐྱེན་ལམ་དུ་ཤོར།
2025.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས4ཉིན་སྤེལ་བའི་གཞི་གྲངས་ལྟར་ན། འདས་པའི་དུས་ཚོད24རིང་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་ཉུང་མཐར་ཡང་མི40རྐྱེན་ལམ་དུ་ཤོར་བ་དང་། མི125ལ་རྨས་ཕོག་ཡོད་ཟེར།

སྡེ་ཁག་དེས་བཤད་རྒྱུར། ད་ལོའི་ཟླ3པའི་ཚེས18ཉིན་གྱི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ས་ཁུལ་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སྟོང་གཉིས་དང་བཞི་བརྒྱ་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་དང་བཞི་བརྒྱ་ལྔ་བཅུར་རྨས་ཕོག་ཡོད་ཟེར།

ཕཱ་ལེ་སི་ཐན་འཕྲིན་གཏོང་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་མཱ་ཝ་ཞི་ས་ཁུལ་གྱི་ཡུལ་འཁྱམ་པ་བཀོད་སྒྲིག་བྱེད་སའི་རས་གུར་ཞིག་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་བ་དང་། འདས་པའི་གྲས་སུ་བུད་མེད་དང་བྱིས་པ་འདུས་ཡོད། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ད་རུང་ཅཱ་ཧྲའི་དབུས་ཕྱོགས་ཀྱི་ནོའུ་སེ་ལའེ་ཐི་ཡུལ་གྱར་བའི་སྒར་ས་སོགས་ལ་འགས་གཏོར་བཏང་ནས་མི་སྣར་ཤི་རྨས་བཟོས་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས4ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་གཟའ་མཇུག་འདིར། དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་བརྒྱ་ལྷག་ལ་ཆམ་ཕབ་བཏང་བ་དང་། དེའི་ནང་དྲག་ཆས་མི་སྣའི་ཚན་ཆུང་དང་། ཕུག་ལམ། ས་འོག་སྒྲིག་ཆས། དམག་དོན་སྒྲིག་ཆས་སོགས་འདུས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།