ཀྲུང་གོ་དང་ཨེ་ཅིབ་ཀྱི2025ལོའི་དཔལ་ཡོན་གླག་རྒོད་ཅེས་པའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ།
2025.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཚེས4ཉིན་གྱི་སྔ་དྲོར། ཀྲུང་གོ་དང་ཨེ་ཅིབ་ཀྱི2025ལོའི་དཔལ་ཡོན་གླག་རྒོད་ཅེས་པའི་མཁའ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཨེ་ཅིབ་ཀྱི་མཁའ་དམག་གི་རྟེན་གཞི་ག་གེ་མོ་ནས་མཇུག་སྒྲིལ།

ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནི་ཀྲུང་གོའི་མཁའ་དམག་གིས་ཐོག་དང་པོར་མ་ལག་སྟོབས་ཤུགས་ཨ་ཧྥེ་རི་ཁ་གླིང་དུ་སོང་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ཡིན་ཞིང་། བཅའ་སྡོད་བྱས་རྗེས་ཀྱི་དུས་ཡུན་ཐུང་ངུའི་ནང་སྒྲིག་ཆས་སྒྲིག་འཛུགས་དང་གཞུང་ལུགས་སློབ་ཁྲིད། ལས་འགན་འཆར་འགོད། བཀོད་འདོམ་རོགས་ལས་སོགས་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཏེ་བདེ་བླག་ངང་འཕུར་སྐྱོད་ཐོག་མ་མངོན་འགྱུར་བྱུང་ཡོད་ལ། དེ་ལས་ཀྲུང་གོའི་མཁའ་དམག་གི་རྒྱང་རིང་ཡུལ་གྱི་སྐྱེལ་འདྲེན་དང་མྱུར་སྟབས་བཀོད་སྒྲིག མ་ལག་འཐབ་འཛིང་བཅས་ཀྱི་ནུས་པ་མངོན་པར་བྱས་ཡོད།

དུས་ཡུན་ཉིན18ཡིན་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ནས་ཕྱོགས་གཉིས་ཀྱིས་སྦྱོང་བརྡར་རྣམ་པ་དང་བར་སྣང་འཐབ་འཁྲུག་གི་འཐབ་རྩལ། བར་སྣང་སྣུམ་སྣོན་སོགས་ནང་དོན་ལ་དམིགས་ཏེ་གྲོས་བསྡུར་དང་བརྗེ་རེས་བྱས་པར་མ་ཟད། བར་སྣང་འཐབ་འཁྲུག་དང་མཁའ་སྲུང་གནོན་ཤུགས། འཐབ་རའི་སྔོག་བཤེར། འདྲེས་སྦྱོར་སྒྲིག་འཛུགས་སོགས་ཀྱི་རྣམ་གྲངས་སྦྱོང་བརྡར་བྱས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དམག་དོན་མཉམ་ལས་བགྲོད་ལམ་སྟེང་གི་ལམ་ཐིག་གསར་བ་ཞིག་ཡིན་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།

རྒྱུས་ལོན་བྱུང་བ་ལྟར་ན། དེ་ནི་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིས་ཐོག་དང་པོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་འཐབ་རྩལ་ཆུ་ཚད་མཐོར་འདེགས་གཏོང་བའི་ལག་ལེན་གྱི་སྟེགས་བུ་ཞིག་ཡིན་པར་མ་ཟད། མཛའ་མཐུན་དང་ཡིད་ཆེས། མཉམ་ལས་བཅས་ཇེ་ཟབ་ཏུ་གཏོང་བའི་གོ་སྐབས་བཟང་བོ་ཞིག་ཡིན་ལ། དམག་དཔུང་གཉིས་ཀྱི་མཛའ་བརྩེ་ཡིད་རྟོན་ཇེ་དྲག་ཏུ་འགྲོ་བ་དང་དམག་དཔུང་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།