མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་གནད་དོན་ཐད་ནས་བར་འདུམ་བྱེད་འདོད་ཡོད་པའི་ཚུལ་བསྟན།
2025.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས5ཉིན་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་མིག་སྔའི་ཛ་དྲག་གི་གནས་བབ་ཐད་ནས་བསྟན་དོན། ཁོས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་ལ་བར་འདུམ་བྱས་ནས་ཞི་བདེ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱ་གར་དང་ཕཱ་ཁི་སི་ཐན་བར་གྱི་ཛ་དྲག་གི་གནས་བབ་དེ་ལོ་མང་བོའི་རིང་གི་ཆེས་ཚབས་ཆེ་བའི་དུས་ལ་བསླེབས་ཡོད་པས། ཁོས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཁོས་ད་རུང་ཟླ4བའི་ཚེས22ཉིན་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་དུ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འདས་པོའི་ཁྱིམ་མིར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་བྱ་སྤྱོད་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ལ། ངེས་པར་དུ་ཡིད་རྟོན་རུང་ཞིང་ཁྲིམས་མཐུན་གྱི་ཐབས་ལ་བརྟེན་ནས་དོན་རྐྱེན་བཟོ་མཁན་ཁྲིམས་ལ་སྦྱོར་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དམག་དོན་ཇུས་གཞི་དེ་ཐག་གཅོད་ཇུས་གཞི་མིན་པ་དང་། མིག་སྔའི་གནད་འགག་གི་སྐབས་སུ། ཆེས་གལ་ཆེ་བ་ནི་གང་བྱུང་དུ་ཚོད་འཛིན་བྱེད་ཐབས་བྲལ་བའི་དམག་དོན་འགལ་བ་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། ཁོས་རྒྱ་གར་དང་ཕཱ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་ཚད་ཆེན་པོས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་པའི་ཕྱི་འབྲེལ་གྱི་བྱ་བ་གང་རུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཁོས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་ལ་བར་འདུམ་བྱས་ནས་ཞི་བདེ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།