ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཨ་ནོའུ་ནེ་ཡིས་ཚེས5ཉིན་དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པའི་འཆར་གཞིར་ཆོག་མཆན་བཀོད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན་པར་མ་ཟད། དབྱི་སི་རལ་ཕྱོགས་ཀྱིས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་།
མགྲིན་ཚབ་པ་དེས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་རལ་ཕྱོགས་ཀྱི་བྱ་སྤྱོད་དེ་ལས་མི་སྣ་མང་བོར་ཤི་རྨས་ཐེབས་སྲིད་པ་དང་། ཕཱ་ལེ་སི་ཐན་མི་དམངས་ལ་དཀའ་སྡུག་སྔར་ལས་ཆེན་པོ་བཟོ་སྲིད། གྲོས་མོལ་ནི་མི་གཏའ་ཕྱིར་གཏོང་བ་དང་དགྲར་འཛིན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་བཏང་སྟེ་མི་ཆོས་རོགས་སྐྱོར་རྒྱ་ཆེར་སྤེལ་བར་སྟབས་བདེ་བཟོ་དགོས་པའི་སྐུལ་མ་བཏང་།
དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པའི་འཆར་གཞིར་ཆོག་མཆན་བཀོད་པ་དང་། འཆར་གཞི་དེ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གཟའ་འཁོར་རྗེས་མར་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱས་རྗེས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།