ཅ་ཧྲའི་འཕྲོད་བསྟེན་སྡེ་ཁག་གིས་འདས་ཟིན་པའི་དུས་ཚོད24ནང་དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ལས་ཉུང་མཐར་ཡང་མི23རྐྱེན་ལམ་དུ་ཤོར་ཟེར།
2025.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

  ཚེས5ཉིན་ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།འདས་ཟིན་པའི་དུས་ཚོད24ནང་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས་ཉུང་མཐར་ཡང་མི23རྐྱེན་ལམ་དུ་ཤོར་བ་དང་མི119རྨས་ཕོག་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།  ད་ལོའི་ཟླ3པའི་ཚེས18ཉིན་ནས་བཟུང་། དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ས་ཁུལ་མང་པོར་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི2459རྐྱེན་ལམ་དུ་ཤོར་བ་དང་མི6569ལ་རྨས་ཕོག་ཡོད་པ་རེད།

ཚེས5ཉིན་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་གྲོང་ཁྱེར་གྱི་ཐོག་ཁང་ཞིག་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི15རྐྱེན་ལམ་དུ་ཤོར་བ་དང་མི10ལ་རྨས་ཕོག་ཡོད་པ་རེད། གཞན་ཡང་དབྱི་སི་རལ་གྱི་དམག་དཔུང་གིས་ད་དུང་ཅ་ཧྲ་ས་ཁུལ་བྱང་རྒྱུད་ཀྱི་ཅེ་པ་ལི་ཡེ་དང་ལྷོ་རྒྱུད་ཀྱི་ལ་ཧྥ་སོགས་སུ་འབར་མདེལ་འཕངས་ནས་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་བྱུང་ཡོད།

དབྱི་སི་རལ་གྱི་དམག་དཔུང་གིས་གོང་གསལ་གྱི་དམག་དོན་འགུལ་སྐྱོད་སྐོར་ནས་ད་དུང་ལན་ཅི་ཡང་བཏབ་མེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།