དབྱི་སི་རལ་གྱི་ནང་བློན་ཁང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་རྒྱ་ཆེར་སྤེལ་བར་ཆོག་མཆན་སྤྲད།
2025.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས5ཉིན་དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན།དབྱི་སི་རལ་གྱི་བདེ་འཇགས་ནང་བློན་ཁང་གིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་འཆར་གཞི་རྒྱ་ཆེར་སྤེལ་བར་ཆོག་མཆན་སྤྲད་པ་དང་། འཆར་གཞི་དེ་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གཟའ་འཁོར་རྗེས་མར་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱས་རྗེས་ལག་བསྟར་བྱེད་མགོ་རྩོམ་རྒྱུ་རེད།

《དབྱི་སི་རལ་གྱི་སྐབས་དོན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ཆེར་གཏོང་བའི་དམག་དོན་བྱ་སྤྱོད་འཆར་གཞི་དེ་མྱུར་དུ་ལག་བསྟར་བྱེད་མི་སྲིད།མིག་སྔར་དབྱི་སི་རལ་གྱིས་སྔར་བཞིན་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་དང་དམག་འཁྲུག་མཚམས་བཞག་ནས་མི་སྣ་བརྗེ་རེས་བྱེད་པའི་གྲོས་མཐུན་འཇོག་རྒྱུ་འཚོལ་ཞིབ་བྱ་རྒྱུ་རེད།

གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་བདེ་འཇགས་ནང་བློན་ཁང་གིས་ད་དུང་ཅ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པ་སླར་གསོ་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། ཇུས་གཞི་གསར་པ་ལྟར་ན། རོགས་སྐྱོར་དེ་རྒྱལ་སྤྱིའི་རྩ་འཛུགས་དང་མི་སྒེར་གྱི་བདེ་སྲུང་འགན་གཙང་ལེན་བྱེད་མཁན་གྱི་ཚོང་པས་ཅ་ཧྲའི་ཁྱིམ་ཚང་ལ་ཐད་ཀར་དུ་བཟའ་བཏུང་སྤྲོད་རྒྱུ་རེད། དབྱི་སི་རལ་གྱི་དམག་དཔུང་དངོས་ཟོག་བགོ་འགྲེམས་ནང་ཐད་ཀར་དུ་ཞུགས་རྒྱུ་མིན་པར།བགོ་འགྲེམས་བྱེད་པའི་བརྒྱུད་རིམ་གྱི་ཕྱི་སྐོར་བདེ་འཇགས་ལ་འགན་ལེན་བྱེད་རྒྱུ་རེད།

གཞན་ཡང་ཚེས4ཉིན་དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཚན་མོའུ་ཀྲང་ཨའེ་ཡ་ལེ·ཀྲ་སྨི་ཨེར་གྱིས་བསྟན་དོན།ཅ་ཧྲ་ས་ཁུལ་གྱི་དམག་དོན་ཕར་རྒོལ་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་དམག་མི་ཁྲི་ཁ་ཤས་བསྡུ་བའི་བཀའ་རྒྱ་བཏང་ཡོད་ཟེར། 

ད་ལོའི་ཟླ་དང་པོར་དབྱི་སི་རལ་དང་ཧ་མ་སིའི་བར་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད་མོད། འོན་ཀྱང་དུས་རིམ་གཉིས་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་ལ་ཡུན་རིང་བོར་སྐུལ་འདེད་གཏོང་ཐུབ་མེད། དབྱི་སི་རལ་ཕྱོགས་ཀྱིས་ཧ་མ་སིས་ཨ་རི་སྲིད་གཞུང་གིས་བཏོན་པའི་རྗེས་མཐུད་ཀྱི་དམག་འཁྲུག་མཚམས་འཇོག་པའི་ཇུས་གཞི་དང་ལེན་མི་བྱེད་པ་དང་། དབྱི་སི་རལ་གྱི་བཀག་ཉར་མི་སྣ་གློད་གྲོལ་གཏོང་དགོས་པ་རྒྱུ་མཚན་དུ་བྱས་ཏེ། ཟླ3པའི་ཚེས18ཉིན་ནས་བཟུང་ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་དང་ས་ངོས་ཀྱི་འགུལ་སྐྱོད་སླར་གསོ་བྱས་པ་དང་། དེའི་རྗེས་སུ་འགུལ་སྐྱོད་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་ཡོད། གཞན་ཡང་དབྱི་སི་རལ་ཕྱོགས་ཀྱིས་ཟླ3པའི་ཚེས2ཉིན་ནས་བཟུང་། དངོས་རྫས་གང་རུང་ཅ་ཧྲ་ས་ཁུལ་དུ་ནང་འདྲེན་བྱས་ཆོག་པ་གནས་སྐབས་མཚམས་བཞག་པར་བརྟེན། ས་གནས་དེ་ཡང་བསྐྱར་རོགས་སྐྱོར་དངོས་རྫས་ཧ་ཅང་དཀོན་པའི་དཀའ་ངལ་གྱི་གནས་སུ་གྱར་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།