ཕ་ཁི་སི་ཐན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དངོས་སུ་ཨེ་ཤ་ཡ་ལྷོ་མའི་གནས་བབ་བརྡ་ཁྱབ་གཏོང་རྒྱུ་གཏན་འཁེལ་བྱས།
2025.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས5ཉིན་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཕ་ཁི་སི་ཐན་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཨེ་ཤ་ཡ་ལྷོ་མའི་གནས་བབ་དང་འབྲེལ་བ་ཡོད་པའི་འཕེལ་རིམ་གསར་ཤོས་སྐོར་ནས་དངོས་སུ་བརྡ་ཁྱབ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད་ཅེས་བཤད།

གསལ་བསྒྲགས་ནང་བཤད་རྒྱུར།ཕ་ཁི་སི་ཐན་ཕྱོགས་ཀྱིས་ལྷག་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་རྒྱ་གར་གྱི་བཙན་འཛུལ་བྱ་སྤྱོད་དང་། ཡང་དང་བསྐྱར་གྱི་འཁྲུག་སློང་དང་ངན་སྐུལ་རང་བཞིན་གྱི་གཏམ་བརྗོད་ཀྱིས་ས་ཁུལ་དང་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་འཇགས་ལ་འཇིགས་སྐུལ་ཚབས་ཆེན་གང་ཞིག་བཟོས་ཡོད་པ་དང་།  དེ་མིན་རྒྱ་གར་གྱིས་ཁྲིམས་འགལ་གྱིས་ཕྱོགས་རྐྱང་པའི《རྒྱ་གར་གཙང་པོའི་ཆུ་སྤྱོད་ཆིངས་ཡིག》གནས་སྐབས་སུ་མཚམས་འཇོག་རྩིས་བྱེད་པའི་བྱ་སྤྱོད་དེ་རྒྱལ་སྤྱིའི་འོས་འགན་དང་མངོན་གསལ་གྱིས་འགལ་ཡོད་པའི་བརྡ་ཁྱབ་བཏང་པར་མ་ཟད།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྱེད་ཐབས་འོས་འཚམ་སྤྱད་དེ་གོང་གསལ་གྱི་སེམས་ཁྲལ་བྱེད་དགོས་པའི་གནས་ཚུལ་གྱི་འཕེལ་རིམ་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་།

ཚེས5ཉིན་ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར།ས་གནས་དེའི་ཚེས4ཉིན་གྱི་དུས་ཚོད23དང་སྐར་མ45ཡས་མས་སུ།རྒྱ་གར་གྱི་དམག་དཔུང་གིས་ཁི་ཧྲི་སྨིར་ས་ཁུལ་གྱི་རྒྱ་གར་དང་ཕ་ཁི་སི་ཐན་གྱི་དངོས་ཡོད་ཚོད་འཛིན་ཐིག་གི་ཕ་ཁི་སི་ཐན་ཕྱོགས་ཀྱི་སོ་ལྟ་ཁང་མང་པོ་ཞིག་ལ་མེ་མདས་བརྒྱབ་པ་དང་།ཕ་ཁི་སི་ཐན་གྱི་དམག་དཔུང་གིས་ནུས་ཤུགས་ཡོད་རྒུས་ཕར་རྒོལ་བྱས་ཡོད་ཅེས་བཤད།

ཟླ4བའི་ཚེས22ཉིན་རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཁི་ཧྲི་སྨིར་ས་ཁུལ་དུ་ཡུལ་སྐོར་བར་དམིགས་པའི་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་ཡོད། དེའི་རྗེས་སུ་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་བཙན་ཤེད་ཀྱི་བྱ་སྤྱོད་སྤེལ་ནས་གནས་བབ་ཛ་དྲག་ཏུ་གྱུར་ཡོད། ཕ་ཁི་སི་ཐན་སྲིད་གཞུང་གིས་ཟླ5བའི་ཚེས4ཉིན་སྐམ་ལམ་དང་མཚོ་ལམ།མཁའ་ལམ་བཅས་བརྒྱུད་དེ་རྒྱ་གར་ནས་ཐོན་པའི་དངོས་ཟོག་སྐྱེལ་འདྲེན་བྱས་མི་ཆོག་པར་མ་ཟད།རྒྱལ་ཁབ་གཞན་པས་རྒྱ་གར་ལ་ཕྱིར་གཏོང་བྱས་པའི་དངོས་པོ་ཕ་ཁི་སི་ཐན་བརྒྱུད་ནས་རྒྱལ་མཚམས་བརྒལ་མི་ཆོག་པ་ཁྱབ་བསྒྲགས་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།