ཚེས5ཉིན་ཡེ་མིན་གྱི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་པའི་འཕྲོད་བསྟེན་སྡེ་ཁག་གིས་བཤད་རྒྱུར། ཨ་རིའི་དམག་དཔུང་གིས་ཚེས4ཉིན་གྱི་དགོང་མོ་ནས་ཚེས5ཉིན་གྱི་ནམ་གུང་བར་ཡེ་མིན་གྱི་རྒྱལ་ས་ས་ན་དང་ཞིང་ཆེན་གཞན་པ3ལ་མཁའ་རྒོལ་ཐེངས་མང་བྱས་པར་ས་ན་རུ་ཉུང་མཐར་ཡང་མི14ལ་རྨས་ཕོག་ཡོད་ཟེར།
ས་ནའི་སྡོད་དམངས་ཀྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དམག་འཐབ་གནམ་གྲུ་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་འཕུར་ནས་ས་ཆ་མང་པོ་ཞིག་ཏུ་འབར་གས་ཀྱི་སྒྲ་ཆེན་པོས་ཁེངས་པ་དང་། སྡོད་དམངས་མང་པོར་རྨས་སྐྱོན་ཕོག་པ་དང་ཚོང་ཁང་མང་པོ་ཞིག་ལ་གནོད་འཚེ་ཐེབས་ཡོད། མྱུར་སྐྱོབ་རླངས་འཁོར་དང་དམངས་སྤྱོད་འགོག་སྲུང་རླངས་འཁོར་འཇབ་རྒོལ་ཐེབས་པའི་ས་གནས་སྐོར་ཞིག་ལ་ཐོན་ཡོད་ཟེར།
གཞན་ཡང་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་པའི་མ་ཞིས་ལ་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།ཨ་རིའི་དམག་འཐབ་གནམ་གྲུས་ད་དུང་མ་ལིས་པུའུ་ཞིང་ཆེན་ལ་མཁའ་རྒོལ་ཐེངས་དང་ཅའོ་ཧྥུ་ཞིང་ཆེན་ལ་མཁའ་རྒོལ་ཐེངས་གསུམ་བྱས་པ་དང་། ས་ཏ་ཞིང་ཆེན་གྱི་ལྟེ་གནས་ས་ཏ་གྲོང་ཁྱེར་གྱི་ཤར་ཕྱོགས་ས་ཁུལ་དུ་མཁའ་རྒོལ་ཐེངས3བྱས་ཡོད་པ་དང་། དེ་ནི་ཡེ་མེན་བྱང་རྒྱུད་ཀྱི་ཧུའུ་སའེ་དྲག་ཆས་ཀྱི་གནས་གཞི་གཙོ་བོ་ཞིག་རེད།
གནས་ཚུལ་ནང་ཧུའུ་སའེ་དྲག་ཆས་ཀྱི་གསལ་བསྒྲགས་དྲངས་ནས། སྡོད་དམངས་ལ་དམིགས་པའི“ཨ་རིའི་བཙན་འཛུལ་”ནི་རྒྱལ་སྤྱི་དང་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་སྤྱི་ཆིངས་ཚང་མ་དང་འགལ་ཡོད་ཅེས་འཁོད་ཡོད།
ཨ་རིས་ཡེ་མེན་ལ་གོང་གསལ་གྱི་མཁའ་རྒོལ་མ་བྱས་སྔོན་གྱི་ཚེས་4ཉིན།ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་གྱི་པིན་ཀུའུ་ལིས་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྒྲ་བརྒལ་མྱུར་ཚད་མཐོ་བའི་འཕུར་མདེལ་ཞིག་འཕངས་པ་དེ་དམིགས་འབེན་ལ་ཕོག་པ་རེད། གནས་ཚུལ་དེའི་ཐད་དབྱི་སི་རལ་གྱིས་རྩ་འཛུགས་དེ་དང་དབྱི་ལིང་ལ་འཁོན་ལན་སློག་རྒྱུ་ཡིན་ཞེས་བཤད་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།