སུའུ་ཏན་ཤར་རྒྱུད་ཀྱི་སུའུ་ཏན་གྲུ་ཁའི་ས་ཆ་མང་པོར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས།
2025.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས6ཉིན《སུའུ་ཏན་གླེང་སྟེགས་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  སུའུ་ཏན་ཤར་རྒྱུད་གྲོང་ཁྱེར་གྱི་སུའུ་ཏན་གྲུ་ཁའི་ས་ཆ་གཙོ་བོ་མང་པོར་ཉིན་དེར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་པ་དང་།   དེའི་ཁྲོད་དུ་རྒྱལ་སྤྱིའི་གནམ་གྲུ་ཐང་དང་གྲུ་ཁ།གནས་སྐབས་ཙུང་ཐུང་བཞུགས་ཤག་ཉེ་འགྲམ་གྱི་གསོལ་མགྲོན་ཁང་སོགས་ཡོད། དེ་ནི་གྲོང་ཁྱེར་དེར་བསྟུད་མར་འཇབ་རྒོལ་བྱས་པའི་ཉིན་གསུམ་པ་རེད།

གནས་ཚུལ་ལས་དོན་དག་དངོས་སུ་མཐོང་མཁན་གྱི་མི་སྣའི་སྐད་ཆ་དྲངས་ནས་བཤད་རྒྱུར། མི་མེད་གནམ་གྲུ་ཞིག་གིས་སུའུ་ཏན་གྲུ་ཁའི་གནམ་གྲུ་ཐང་གི་འབར་རྫས་མཛོད་ཁང་ལ་འཇབ་རྒོལ་བྱས་པས་གཞི་ཁྱོན་ཆེ་བའི་འབར་གས་དང་མེ་སྐྱོན་བྱུང་བ་རེད། ད་ལྟ་གནམ་གྲུ་ཐང་དུ་འགྲུལ་པ་ཁ་འགྲེམས་བྱས་ཤིང་། དུས་གཏན་གནམ་གྲུ་ཚང་མ་མེད་པར་བཟོས་ནས་དམངས་སྤྱོད་འགོག་སྲུང་སྡེ་ཁག་གིས་ཡུལ་དངོས་སུ་མེ་གསོད་བཞིན་ཡོད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན།   སུའུ་ཏན་གྲུ་ཁའི་གནས་སྐབས་ཙུང་ཐུང་བཞུགས་ཤག་གི་ཉེ་འགྲམ་དུ་ཡོད་པའི་གསོལ་མགྲོན་ཁང་ཞིག་ལ་ཉིན་དེར་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས་གཏོར་བརླག་ཐེབས་འདུག་ཟེར།    གནས་ཚུལ་དངོས་སུ་མཐོང་མཁན་གཞན་ཞིག་གིས་བཤད་རྒྱུར།  སུའུ་ཏན་གྲུ་ཁའི་ལྷོ་རྒྱུད་དུ་ཡོད་པའི་རྡོ་སྣུམ་ཕྱིར་གཏོང་གྲུ་ཁའི་མཛོད་ཁང་ཞིག་ལའང་འབར་གས་ཆེན་པོ་བྱུང་ཡོད་པར་བཤད།

སྨྱན་བྱད་ཀྱི་བརྙན་ལམ་དུམ་བུ་ཞིག་ལས་མངོན་པ་ལྟར་ན།   སུའུ་ཏན་གྲུ་ཁའི་མཁའ་དབྱིངས་སུ་མེ་ལྕེ་མཐོ་བ་དང་དུ་སྨུག་མཐུག་པོ་འཕྱུར་བཞིན་འདུག

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་བྱས་པ་ཁྱབ་བསྒྲགས་བྱས་མེད།

སུའུ་ཏན་གྲུ་ཁ་ནི་རྒྱ་མཚོ་དམར་པོའི་ནུབ་ངོགས་སུ་ཡོད་ཅིང་།  དེ་རུ་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་གི་ཤུགས་རྐྱེན་ཅུང་ཆུང་བ་དང་།   སུའུ་ཏན་མངའ་ཁོངས་ཀྱི་ཡུལ་གྱར་བ་འབུམ་ཕྲག་གཅིག་ཙམ་བསྡུ་ཉར་བྱས་ཡོད།   ད་ལྟ་དེ་ནི་སུའུ་ཏན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སྒྲིག་གཞི།  ཕྱི་འབྲེལ་ཕོ་ཉ་ཚོགས་པ་བཅས་ཀྱི་གནས་ཡུལ་རེད། སུའུ་ཏན་གྲུ་ཁའི་གནམ་གྲུ་ཐང་ནི་སུའུ་ཏན་རྒྱལ་ཡོངས་སུ་སྔར་བཞིན་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་བཞིན་པའི་རྒྱལ་སྤྱིའི་གནམ་གྲུ་ཐང་གཅིག་པུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།