ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་མི་དམངས་འགུལ་སྐྱོད་ཏང་ལ་རྒྱལ་ཚོགས་ཀྱི་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས།
2025.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས6ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་གྱི་ཙུང་ལིས་ཧོང་ཞོན་ཚའེ་ཡིས་མགོ་ཁྲིད་པའི་མི་དམངས་འགུལ་སྐྱོད་ཏང་ལ་སིང་ཀ་ཕོར་གྱི་རྒྱལ་ཚོགས་འདེམས་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་དོ་སྣང་བྱུང་བར་མ་ཟད་དོན་དེར་རྟེན་འབྲེལ་ཞུས་པ་ཡིན་ཟེར།

ལིན་ཅན་གྱིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་སིང་ཀ་ཕོར་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བའི་ལོ་རེད།  ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། སིང་ཀ་ཕོར་གྱི་སྐབས་གསར་བའི་སྲིད་གཞུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་འབྲེལ་གཏུག་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་སིང་ཀ་ཕོར་བར་གྱི་ཕྱོགས་ཡོངས་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

སིང་ཀ་ཕོར་གྱི་རྒྱལ་ཚོགས་འདེམས་བསྐོའི་འབྲས་བུ་ཚེས4ཉིན་གྱི་ཐོ་རེངས་ཁར་ཁྱབ་བསྒྲགས་བྱས་པ་དང་། སིང་ཀ་ཕོར་འདེམས་བསྐོ་ཅུའུ་ཡིས་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་རྩིས་འབྲས་ལས་མངོན་པ་ལྟར་ན། སྲིད་འཛིན་ཏང་མི་དམངས་འགུལ་སྐྱོད་ཏང་ལ་རྒྱལ་ཚོགས་ཀྱི་གདན་ཐོབ97ཁྲོད་ཀྱི་གདན་ཐོབ87ཐོབ་ནས་རྒྱལ་ཚོགས་ཀྱི་འདེམས་བསྐོ་ཐོབ་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།