ཨ་རི་སྲིད་གཞུང་གིས་ཧ་ཧྥུའུ་སློབ་ཆེན་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་རོགས་སྐྱོར་བྱེད་རྒྱུ་མིན་ཞེས་བཤད།
2025.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས5ཉིན་ཨ་རིའི་སློབ་གསོའི་པུའུ་ཀྲང་ལིན་ཏ·མའེ་ཁི་མ་ཧུང་གིས་བསྟན་དོན། ཧ་ཧྥུའུ་སློབ་ཆེན་གྱིས་ཉེ་སྔོན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་བཏོན་པའི་བླང་བྱ་ལྟར་བཅོས་སྒྱུར་བྱེད་མ་ཐུབ་པར་བརྟེན། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་སློབ་གྲྭ་དེར་རོགས་སྐྱོར་གསར་པ་འདོན་སྤྲོད་བྱེད་རྒྱུ་མིན་ཞེས་བཤད།

མའེ་ཁི་མ་ཧུང་གིས་དགོང་མོ་དེར་སྤྱི་ཚོགས་སྨྱན་བྱད་ལས་སྟེགསXསྟེང་ཧ་ཧྥུའུ་སློབ་ཆེན་གྱི་སློབ་གཙོ་ཨའེ་ལུན·M·ཅ་པོ་ལ་བྲིས་པའི་འཕྲིན་ཡིག་ཅིག་ཁྱབ་བསྒྲགས་བྱས་པ་རེད། འཕྲིན་ཡིག་ནང་ཧ་ཧྥུའུ་སློབ་ཆེན“མ་ལག་རང་བཞིན”གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་དང་འགལ་ཞིང་།  ཨ་རིའི་མཐོ་རིམ་སློབ་གསོའི་མ་ལག་ལ“འཕྱ་སྨོད་”བྱས་ཡོད་ཅེས་བྲིས་ཡོད་པ་རེད། མོས་ཧ་ཧྥུའུ་སློབ་ཆེན་དེ་གཡོན་ཕྱོགས་ཁག་གི་མི་སྣས་བདག་སྐྱོང་བྱས་ཏེ། “ཏང་ཁག་ཅིག་གི་ཆབ་སྲིད་དར་སྤེལ་རྩ་འཛུགས”སུ་གྱུར་པར་སྐྱོན་འཛུགས་བྱས།

མའེ་ཁི་མ་ཧུང་གིས་བཤད་རྒྱུར། ཧ་ཧྥུའུ་ཡིས“གཏུམ་སྤྱོད་བྱེད་སྤྱོད་ནང་ཞུགས་ཤིང་ཨ་རིར་མཐོང་ཆུང་བྱེད་པའི”ཕྱི་རྒྱལ་གྱི་སློབ་མ་སློབ་གྲྭའི་ནང་གདན་འདྲེན་ཞུས་འདུག་ཟེར།  ཁོ་མོས་ད་དུང་ཧ་ཧྥུའུ་ཡི་ནོར་དོན་གནས་ཚུལ་ཡག་པོ་མེད་པ་དང་དོ་དམ་བྱེད་སྟངས་མི་ལེགས་པའི་སྐོར་བཤད་ཡོད།

མའེ་ཁི་མ་ཧུང་གིས་འཕྲིན་ཡིག་ནང་བཤད་རྒྱུར། ཉེ་སྔོན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཧ་ཧྥུའུ་ལ“རྒྱུན་ཤེས་དང་མཐུན་པའི་བཅོས་སྒྱུར”བྱེད་དགོས་པའི་བླང་བྱ་བཏོན་པ་དང་། སྲིད་གཞུང་གི་ཕན་འབྲས་ལྡན་པའི་བྱ་བ་སོ་སོར་ འགྱུར་ལྡོག་ཅི་ཡང་བྱུང་མེད་ཟེར།  འཕྲིན་ཡིག་དེ་ལས་ཧ་ཧྥུའུ་སློབ་ཆེན་ལ་རྒྱལ་ཕྲན་མཉམ་འབྲེལ་གྱི་རོགས་སྐྱོར་གསར་པ་ཐོབ་མི་སྲིད་པ་དང་། ཧ་ཧྥུའུ་ནི་མཐའ་གཅིག་ཏུ་སྒེར་བཙུགས་མ་དངུལ་ལ་བརྟེན་པའི་སྒྲིག་གཞི་ཞིག་ཏུ་གྱུར་ནས། དེས་ཞལ་འདེབས་ཐེབས་རྩ་འབོར་ཆེན་གྱི་གཉེར་སྐྱོང་བྱས་པར་བརྟེན་ནས་སློབ་གྲོགས་ཕྱུག་པོ་མང་པོའི་ས་ནས་མ་དངུལ་གྲབས་གསོག་བྱེད་ཐུབ་པ་མཚོན་གྱི་ཡོད་པ་རེད།

ཟླ4བའི་ཚེས11ཉིན་ཐི་ལིང་ཕུའུ་སྲིད་གཞུང་གི་དཔོན་རིགས་ཀྱིས་ཧ་ཧྥའུ་སློབ་ཆེན་ལ་འཕྲིན་ཡིག་བསྐུར་ནས། སློབ་གྲྭར“དོན་སྙིང་ལྡན་པའི་བཅོས་སྒྱུར་དང་བསྐྱར་སྒྲིག”བྱེད་དགོས་པའི་བླང་བྱ་བཏོན། དེ་ལྟར་མ་བྱས་ན་རྒྱལ་ཕྲན་མཉམ་འབྲེལ་གྱི་མ་དངུལ་ཇེ་ཉུང་དུ་འགྲོ་ངེས་ཡིན་ཟེར།  ཟླ་དེའི་ཚེས14ཉིན། ཧ་ཧྥུའུ་སློབ་ཆེན་གྱིས་ཐི་ལིང་ཕུའུ་སྲིད་གཞུང་གི་རེ་བ་དང་ལེན་མ་བྱས། ཚེས14ཉིན་ཐི་ལིང་ཕུའུ་སྲིད་གཞུང་གིས་སློབ་གྲྭ་དེར་བསྡོམས་འབོར་ཨ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ཀྱི་ལོ་མང་གྲོན་དངུལ་དང་། དེ་མིན་ལོ་མང་རིང་གི་གན་རྒྱའི་གྲོན་དངུལ་ཨ་སྒོར་བྱེ་བ་དྲུག་བསྡམས་བཅད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

གཞན་ཡང་ཐི་ལིང་ཕུའུ་སྲིད་གཞུང་གིས་ད་དུང་ཧ་ཧྥའུ་སློབ་ཆེན་གྱིས་རྒྱལ་སྤྱིའི་སློབ་མ་བསྡུ་ལེན་བྱེད་པའི་ཐོབ་ཐང་མེད་པར་བཟོ་རྒྱུའི་འཇིགས་སྐུལ་བྱས་པ་དང་། ཧ་ཧྥུའུ་སློབ་ཆེན་གྱི་དཔྱ་ཁྲལ་རྩ་ཆག་གཏོང་བའི་གནས་བབ་འཕྲོག་པར་བསམ་གཞིག་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། ཟླ4བའི་ཚེས21ཉིན་ཧ་ཧྥུའུ་སློབ་ཆེན་གྱིས་ཐི་ལིང་ཕུའུ་སྲིད་གཞུང་གཏུག་བཤེར་བྱས་ཏེ། སྲིད་གཞུང་གིས་རྒྱལ་ཕྲན་མཉམ་འབྲེལ་གྱི་མ་དངུལ་བསྡམས་བཅད་བྱེད་པའི་བྱེད་ཐབས་ལ་བརྟེན་ནས། ཧ་ཧྥུའུ་སློབ་ཆེན་གྱི་རིག་གཞུང་ཐབས་ཇུས་ལ་ཚོད་འཛིན་བྱེད་རྩིས་བྱས་པར་སྐྱོན་འདོན་ཞུ་གཏུག་བྱས།

ད་ལོའི་ཟླ་དང་པོ་ནས་བཟུང་ཐི་ལིང་ཕུའུ་སྲིད་གཞུང་གིས་ཨ་རིའི་མཐོ་རིམ་སློབ་མ་མང་པོ་ཞིག་ལ་འཇིགས་སྐུལ་བྱས་ཏེ། གལ་སྲིད་སློབ་གྲྭས་སྲིད་ཇུས་ལེགས་སྒྲིག་མ་བྱས་ཚེ་མ་དངུལ་ཉུང་དུ་གཏོང་བའི་མཇུག་འབྲས་འབྱུང་སྲིད་ཅེས་བཤད་པ་རེད། ཐི་ལིང་ཕུའུ་སྲིད་གཞུང་གི་བླང་བྱ་གཙོ་བོ་ནི“སློབ་གྲྭའི་ནང་གི་ཡིའུ་ཐའེ་བར་ངོ་རྒོལ་བྱེད་པའི་རིང་ལུགས”རྩ་བ་ནས་མེད་པར་བཟོ་བ་དང་། མཐོ་རིམ་སློབ་གྲྭའི་རིགས་རྒྱུད་ཉུང་ཤས་ལ་ཕྱོགས་པའི་སྣ་མང་ཅན་གྱི་བྱེད་ཐབས་མེད་པར་བཟོ་བ་བཅས་ཚུད་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།