ཚེས6ཉིན་འབར་མའི་རྒྱལ་སྲུང་དམག་གི་སྤྱི་ཁྱབ་སི་ལིང་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ས་ཡོམ་གྱི་གནོད་འཚེ་ཐེབས་ཡུལ་མྱུར་དུ་བསྐྱར་སྐྲུན་བྱས་ནས་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་འཇགས་མངོན་འགྱུར་བྱེད་པ་དང་། ཟླ5བའི་ཚེས6ཉིན་ནས་ཚེས31ཉིན་བར་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་པ་ཡང་བསྐྱར་འགོར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར།
ཉེ་སྔོན་འབར་མའི་རྒྱལ་སྲུང་དམག་གིས་ཟླ4བའི་ཚེས2ཉིན་ནས་ཟླ4བའི་ཚེས་22ཉིན་བར་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་ཟླ4བའི་ཚེས30ཉིན་བར་འགོར་འགྱངས་བྱས་པ་རེད།
སྤྱི་བསྒྲགས་ལས་ད་དུང་བཤད་རྒྱུར། གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་པའི་རིང་མི་རིགས་ས་གནས་དྲག་ཆས་དང་དྲག་ཆས་རྩ་འཛུགས་གཞན་དག་གིས་མང་ཚོགས་ཀྱི་འགྲིམ་འགྲུལ་ལམ་ཐིག་ལ་འགོག་རྐྱེན་བཟོ་བ་དང་། ཡང་ན་ཕར་རྒོལ་བྱེད་པ་དང་ཚེ་སྲོག་དང་སྤྱི་པའི་རྒྱུ་ནོར་ལ་གནོད་འཚེ་གཏོང་བ། བདེ་འཇགས་དང་ཁྲིམས་འཛིན་ལས་དོན་ལག་བསྟར་བྱེད་པའི་བདེ་འཇགས་དཔུང་སྡེའི་སྒར་སར་འཇབ་རྒོལ་བྱེད་པ། དམག་དོན་རྟེན་གཞིར་ཕར་རྒོལ་བྱེད་པ། ཞི་བདེ་ལ་གཏོར་བཤིག་གཏོང་བའི་སྟོབས་ཤུགས་འདུ་འཛོམས་དང་བསྐྱར་སྒྲིག་བྱེད་པ། མངའ་ཁོངས་རྒྱ་སྐྱེད་བྱེད་པ་བཅས་གང་རུང་བྱས་མི་ཆོག གལ་ཏེ་བྱ་སྤྱོད་དེ་རིགས་སྤེལ་ཚེ་རྒྱལ་སྲུང་དམག་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་མང་ཚོགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།
ཉེ་བའི་ལོ་ཤས་རིང་འབར་མའི་ས་གནས་ཁག་གི་དྲག་ཆས་རྩ་འཛུགས་དང་རྒྱལ་སྲུང་དམག་གི་བར་དུ་རྒྱུན་པར་དམག་འཁྲུག་དང་གདོང་ཐུག་འབྱུང་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།