ཚེས7ཉིན་ཡོ་རོབ་དང་ཨེ་ཤེ་ཡ་དཔལ་འབྱོར་རྩེ་ཚོགས་སྐབས28པ་ཐུར་ཁེའི་དབྱི་སི་ཐན་པུར་དུ་ཚོགས་མགོ་བརྩམས་པ་དང་། ཚོགས་ཞུགས་སྐུ་མགྲོན་ཚོས་རྒྱལ་ཁབ་སོ་སོས་གྲོས་མོལ་བྱས་པ་བརྒྱུད་ས་ཁུལ་གྱི་གདོང་ཐུག་དང་། གནམ་གཤིས་འགྱུར་ལྡོག དཔལ་འབྱོར་འདྲ་མཉམ་མིན་པ། འབྲུ་རིགས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་ཛ་དྲག་གི་འགྲན་སློང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཐེངས་འདིའི་རྩེ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི། གྲོས་མོལ་ལ་བརྟེན་ནས་མི་གཤིས་ཅན་གྱི་འཛམ་གླིང་ཞིག་བསྐྲུན་ཞེས་པ་དེ་ཡིན། ཐུར་ཁེའི་ཙུང་ཐུང་ཨར་ཏོ་ཨན་གྱིས་རྩེ་ཚོགས་ལ་རྟེན་འབྲེལ་ཞུ་བའི་ཤིས་ཚིག་བསྐུར་ནས། ཚོགས་ཞུགས་མི་སྣས་འཛམ་གླིང་རང་བཞིན་གྱི་གྲོས་གཞི་གལ་ཆེན་ལ་དམིགས་ནས་བརྗེ་རེས་གང་ལེགས་བྱས་ཏེ། འཛམ་གླིང་གི་ས་ཁུལ་སོ་སོའི་དར་རྒྱས་དང་བདེ་སྐྱིད་ལ་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་རེ་བ་བཏོན།
ཐུར་ཁེའི་གྲགས་ཅན་རིག་མཛོད་མར་མ་ལ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཝེར་གྱིས་མགོ་རྩོམ་མཛད་སྒོའི་སྟེང་། དེང་སྐབས་འཛམ་གླིང་རང་བཞིན་གྱི་འགྲན་སློང་རབ་དང་རིམ་པ་ཐོན་བཞིན་ཡོད་པས་རྒྱལ་ཁབ་སོ་སོས་ཐུན་མོང་གི་བློ་གྲོས་དང་ཐུན་མོང་གི་འགན་འཁྲིར་བརྟེན་ནས་འགུལ་སྐྱོད་སྤེལ་དགོས། ཁོས་ཐེངས་འདིའི་རྩེ་ཚོགས་སྟེང་ཆེད་དུ་ཞི་བདེ་དང་གྲོས་མོལ་ཀྱི་བགྲོ་གླེང་གོ་རིམ་བཀོད་སྒྲིག་བྱསནས། འཛམ་གླིང་ས་གནས་སོ་སོའི་བསམ་ཚུལ་མི་འདྲ་བའི་བར་གྱི་བསྟུན་མཁས་རང་བཞིན་གྱི་གྲོས་མོལ་ལ་སྐུལ་འདེད་བཏང་།
མ་ཆི་ཏུན་བྱང་མའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཀི་ཨར་ཏ་ན་ཏི་མིས་ཐི་ལི་ཡེ་སི་ཁཱ-ཁོ་ཆའོ་སི་ཁཱ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། གོ་ལ་ཧྲིལ་པོའི་འགྲན་སློང་ཐག་གཅོད་བྱེད་པར་ཐུན་མོང་གི་བྱ་སྤྱོད་དགོས་པ་དང་ཐག་གཅོད་ཇུས་གཞི་དེ་ཕན་ཚུན་བརྩི་འཇོག་དང་རྒྱུན་མཐུད་ངང་འཕར་བའི་འདུ་ཤེས་ཀྱི་སྟེང་ནས་རྩ་བ་ཚུགས་དགོས་པས་རྒྱལ་ཁབ་སོ་སོས་མཉམ་དུ་འགན་འཁུར་དགོས་ཟེར།
ཐེངས་འདིའི་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་རྩེ་ཚོགས་དུས་ཡུན་ཉིན་གཉིས་ཡིན་པ་དང་། མར་མ་ལ་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་རྒྱལ་ཁབ50ཙམ་ནས་ཡོང་བའི་ཆབ་སྲིད་པ་དང་ཚོང་པ། མཁས་པ་སོགས་ལས་རིགས་སོ་སོའི་མི་སྣ300ལྷག་ཙམ་ཞུགས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།