དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ཁྱོན་ཡོངས་ནས་ཚོད་འཛིན་བྱས་ཏེ་མང་ཚོགས་ལྷོ་རྒྱུད་དུ་གནས་སྤོར་བྱ་རྒྱུ་ཡིན་པར་བཤད།
2025.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས7ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་རྒྱ་ཆེར་སྤེལ་ནས་ཅ་ཧྲ་ཕྱོགས་ཡོངས་ནས་ཚོད་འཛིན་བྱས་ཏེ།  ས་གནས་དེའི་མང་ཚོགས་ལྷོ་ཕྱོགས་ཀྱི་ས་ཁོངས་ཆུང་ཆུང་དུ་གཅིག་སྡུད་ངང་གནས་སྤོར་བྱ་རྒྱུ་ཡིན་ཞེས་བཤད།

ཁ་ཚི་གཞུང་ལས་ཁང་གིས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་དུ། ཐེངས་འདིའི་དམག་དོན་འགུལ་སྐྱོད་ཀྱིས་ཅ་ཧྲ་ས་ཁུལ་ཁྱོན་ཡོངས་ནས་ཚོད་འཛིན་བྱས་ཏེ།  ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ལ་གནོན་ཤུགས་སྔར་ལས་ཆེན་པོ་བྱིན་ནས།  ཅ་ཧྲ་ས་ཁུལ་གྱི་མང་ཚོགས་གཅིག་སྡུད་སྤོ་སྒྱུར་བྱེད་པའམ་ཡང་ན་ཅ་ཧྲའི་མང་ཚོགས་རང་མོས་སྒོས་གནས་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད།

ཁ་ཚི་ཡིས་ཐེངས་འདིའི་འགུལ་སྐྱོད་དེ་སྔོན་ཆད་དང་མི་འདྲ་སྟེ། དབྱི་སི་རལ་གྱི་དམག་དཔུང་གིས་བཙན་བཟུང་བྱས་པའི་ས་ཁུལ་ཚང་མར་བཅའ་སྡོད་བྱ་རྒྱུ་ཡིན་པ་དང་། དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ནའང་ཕྱིར་འཐེན་བྱེད་མི་སྲིད་ཅེས་ནན་གྱིས་བསྟན།

ཚེས5ཉིན་དབྱི་སི་རལ་གྱི་བདེ་འཇགས་ནང་བློན་ཁང་གིས་ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་ཆེར་གཏོང་བའི་འཆར་གཞིར་ཆོག་མཆན་སྤྲད་པ་དང་།   འཆར་གཞི་དེ་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གཟའ་འཁོར་རྗེས་མར་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱས་རྗེས་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བཤད།

གཞན་ཡང་ཚེས7ཉིན་ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲའི་ས་ཁུལ་མང་པོར་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི41རྐྱེན་ལམ་དུ་ཤོར་ཟེར།

སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་གྲོང་ཁྱེར་གྱི་ཡུལ་གྱར་བ་བསྡུ་ཉར་བྱེད་པའི་སློབ་གྲྭ་ཞིག་ལ་འབར་མདེལ་འཕངས་པས་ཉུང་མཐར་ཡང་མི16རྐྱེན་ལམ་དུ་ཤོར་བ་དང་།   དབྱི་སི་རལ་གྱི་དམག་དཔུང་གིས་ད་དུང་ཅ་ཧྲ་གྲོང་ཁྱེར་གྱི་ཟ་ཁང་ཞིག་དང་ཁྲོམ་ར་ཞིག་ལ་འབར་མདེལ་འཕངས་ནས་ཉུང་མཐར་ཡང་མི25རྐྱེན་ལམ་དུ་ཤོར་འདུག

མིག་སྔར་དབྱི་སི་རལ་གྱི་དམག་དཔུང་གིས་གོང་གསལ་གྱི་འཇབ་རྒོལ་དོན་རྐྱེན་ལ་ལན་བཏབ་མེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།