ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་མཐོ་རིམ་གྲོས་མོལ་སྐབས་གསར་འགོད་པའི་དྲི་བར་ལན་བཏབ།
2025.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གཞོན་པ་ཧི་ལིས་ཧྥུན་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ཡིན་པའི་ངོས་ནས།  སུའེ་ཙེར་དུ་འཚམས་འདྲི་བྱེད་པའི་རིང་ལ་ཨ་རིའི་ཕྱོགས་ཀྱི་སྣེ་ཁྲིད་པ་ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐི་དང་གྲོས་མོལ་བྱ་རྒྱུ་རེད།  ཚེས7ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས། ཉེ་ལམ་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་དུ་གྲོས་མོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།  ཐེངས་འདིའི་གྲོས་མོལ་ནི་ཨ་རི་ཕྱོགས་ཀྱི་རེ་འདུན་ལྟར་འཚོགས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་སྒོ་ཁྲལ་གང་བྱུང་དུ་སྤྱོད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་དེར་འགྱུར་ལྡོག་ཅི་ཡང་བྱུང་མེད་ཅེས་བཤད།

ལིན་ཅན་གྱིས་བཤད་རྒྱུར།  དུས་མཚུངས་སུ་ང་ཚོས་ཀྱང་ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་གྱི་ཡོད་མོད། འོན་ཀྱང་གྲོས་མོལ་གང་ཞིག་ཡིན་རུང་ངེས་པར་དུ་འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་སྟེང་བྱེད་དགོས་པ་ལས་རྣམ་པ་གང་རུང་གི་གནོན་ཤུགས་དང་བཙན་ཤེད་ནི་ཀྲུང་གོར་གཏན་ནས་མི་འགྲོ། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བརྟན་པོ་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ཐེངས་མང་བཤད་མྱོང་ཞེས་བཤད།

ཉེ་ལམ་ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་མཐོན་པོ་སྣོན་བསྡུ་བྱས་པའི་གནོན་ཤུགས་དེ་ཀྲུང་གོ་ཕྱོགས་ཀྱིས་ཐེག་དཀའ་བ་སོགས་མུ་མཐུད་དུ་འུད་སྒྲོག་བྱས་པར་དམིགས་ནས། ལིན་ཅན་གྱིས་དྲི་བར་ལན་འདེབས་སྐབས་ཕྱི་ཕྱོགས་ཀྱི་ཕོག་ཐུག་གང་འདྲ་ཞིག་ཡིན་རུང་ཀྲུང་གོའི་དཔལ་འབྱོར་རྨང་གཞི་བརྟན་ཞིང་དགེ་མཚན་མང་བ། མཉེན་ཆ་ཆེ་བ། སྦས་ཤུགས་ཆེ་བ་བཅས་ཀྱི་གཞི་རྩའི་ངོ་བོ་ལ་འགྱུར་ལྡོག་གཏོང་མི་ཐུབ་ལ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བརྟན་ལྷིང་གི་རྣམ་པར་ཡང་འགྱུར་ལྡོག་གཏོང་མི་ཐུབ་ཅེས་བསྟན།

ལིན་ཅན་གྱིས་བཤད་རྒྱུར། ང་ཚོར་གནོན་ཤུགས་འགོག་པའི་ནུས་པ་ཆེན་པོ་དང་རང་ངོས་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་བྱེད་ཐབས་འདང་ངེས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས། དཔལ་འབྱོར་བཙན་ཤེད་བྱེད་ཐབས་བཅས་མཉམ་དུ་བཀག་འགོག་བྱེད་པ་དང་། ཕྱོགས་མང་ཉོ་འཚོང་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས།  རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།