ཚེས6ཉིན་ནས་ཚེས7ཉིན་གྱི་ནམ་གུང་བར་ཕ་ཁི་སི་ཐན་དམག་དཔུང་གིས་ཁི་ཧྲི་མིས་ཨར་ས་ཁུལ་གྱི་སོ་ལྟ་ཁང་མང་པོར་མེ་མདས་བརྒྱབ་ནས་མི3རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་ཕོག་ཡོད། ཕན་ཚུན་བར་མེ་མདས་རྒྱག་རེས་བྱས་པ་ལས་ཕ་ཁི་སི་ཐན་གྱི་དམག་དཔུང་ཁྲོད་དུ་ཡང་མི་སྣར་ཤི་རྨས་བྱུང་ཡོད།
རྒྱ་གར་དམག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས། ཕ་ཁི་སི་ཐན་གྱི་དམག་དཔུང་གིས་རྒྱ་གར་གྱི་དམག་དཔུང་ཕྱོགས་ལ་མེ་སྒྱོགས་འཕངས་པ་དང་། རྒྱ་གར་ཕྱོགས་ཀྱིས་ཀྱང་དེ་བཞིན་དུ་རྒོལ་ལན་སྤྲད་པ་ལས་ཕ་ཁི་སི་ཐན་ཕྱོགས་ཀྱི་དམག་དཔུང་གི་ཁྲོད་དུ་ཡང་ཤི་རྨས་བྱུང་ཡོད་ཅེས་འཁོད་ཡོད།
རྒྱ་གར་གྱི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་འཐབ་འཁྲུག་དེ་རྒྱ་གར་གྱིས་ཞིན་ཏུའུ་ཨར་འགུལ་སྐྱོད་སྤེལ་ནས་ཅུང་མ་འགོར་བར་བྱུང་བ་རེད། ཚེས7ཉིན་གྱི་ཐོ་རེངས་དུས་སུ་རྒྱ་གར་གྱིས་ཕ་ཁི་སི་ཐན་ལ་ཞིན་ཏུའུ་ཨར་འགུལ་སྐྱོད་སྤེལ་ནས་ཕ་ཁི་སི་ཐན་ཕྱོགས་ཀྱི་དམིགས་འབེན9ལ་འཕུར་མདེལ་གྱིས་རྡུང་རྡེག་བཏང་། རྒྱ་གར་ཕྱོགས་ཀྱིས་འགུལ་སྐྱོད་དེས་རྡུང་རྡེག་གཏོང་བའི་དམིགས་འབེན་གཙོ་བོ་ནི་འཇིགས་སྐུལ་རིང་ལུགས་ཀྱི་རྨང་གཞིའི་སྒྲིག་ཆས་ཡིན་པར་བསྟན།
ཚེས7ཉིན་ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་དཔོན་རིགས་ཀྱིས་བཤད་རྒྱུར། རྒྱ་གར་དམག་ཕྱོགས་ཀྱིས་ཉིན་དེའི་ཐོ་རེངས་དུས་སུ་ཕ་ཁི་སི་ཐན་གྱི་མངའ་ཁོངས་དང་དེ་མིན་ཕ་ཁི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ཁི་ཧྲི་མིས་ཨར་ས་ཁུལ་བཅས་ཉུང་མཐར་ཡང་ས་གནས6ལ་མཁའ་རྒོལ་བྱས་པ་དང་། ཕ་ཁི་སི་ཐན་གྱི་དམག་དཔུང་གིས་མྱུར་དུ་ཕར་རྒོལ་བྱས་པ་ལས་རྒྱ་གར་གྱི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཏོར་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།