ཚེས6ཉིན་དབྱིན་ཇི་སྲིད་གཞུང་གི་དྲ་ཚིགས་སྟེང་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་མངོན་པ་ལྟར་ན། དབྱིན་ཇི་དང་རྒྱ་གར་བར་ཕྱོགས་གཉིས་ཀྱི་ཉོ་འཚོང་གྲོས་མཐུན་བཞག་ཡོད་པ་རེད།
གྲོས་མཐུན་གཞིར་བཟུང་ནས་དབྱིན་ཇིས་རྒྱ་གར་ལ་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ཁྲོད་ཀྱི་སྒོ་ཁྲལ་ཁྲལ་ཚད90%དམའ་རུ་གཏོང་རྒྱུ་དང་། ཚོང་ཟོག85%ལ་ལོ10ནང་སྒོ་ཁྲལ་མེད་པ་མངོན་འགྱུར་བྱ་རྒྱུ་རེད། ཝེ་ཧྲི་ཅི་དང་ཏུའུ་སུང་ཙི་ཆང་གི་སྒོ་ཁྲལ150%ནས75%བར་མར་ཆག་རྒྱུ་དང་། ལོ10ཡི་རྗེས་སུ40%བར་མར་ཆག་རྒྱུ་རེད། བགོ་བཤའི་ལམ་ལུགས་འོག་རླངས་འཁོར་གྱི་སྒོ་ཁྲལ་ད་ལྟའི100%ནས10%བར་མར་ཆག་རྒྱུ་རེད། མཛེས་འཆོས་བྱུག་རྫས་དང་མཁའ་འགྲུལ་ཐོན་རྫས། ལུག་ཤ། སྨན་བཅོས་ཡོ་བྱད། གློག་འཁོར། བཏུང་བྱའི་རིགས། ཁྲོག་ལེ་དང་ཀ་ར་གོ་རེ་སོགས་ཚོང་ཟོག་གཞན་དག་ཁག་ཅིག་གི་སྒོ་ཁྲལ་ཡང་ཇེ་དམའ་རུ་བཏང་ཡོད།
གཞན་ཡང་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱིས་དབྱིན་ཇིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག99%ལ་སྒོ་ཁྲལ་མེད་པ་མངོན་འགྱུར་བྱ་རྒྱུ་རེད།
དབྱིན་ཇི་སྲིད་གཞུང་གིས་སྔོན་དཔག་བྱས་པ་ལྟར་ན2040ལོར་སླེབས་སྐབས། གྲོས་མཐུན་དེས་དབྱིན་ཇི་དང་རྒྱ་གར་ཕྱོགས་གཉིས་ཀྱི་ཉོ་འཚོང་ཚོང་དོན་ལོ་རེ་བཞིན་དབྱིན་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔ་དུང་ཕྱུར་ལྔ་འཕར་རྒྱུ་ཡིན་པ་དང་། དབྱིན་ཇིའི་རྒྱལ་ནང་གི་སྤྱིའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ལོ་རེ་བཞིན་དབྱིན་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་བརྒྱད་འཕར་བར་སྐུལ་འདེད་གཏོང་རྒྱུ་རེད། དབྱིན་ཇིའི་འཛད་སྤྱོད་པས་སྔར་ལས་གོང་བདེ་བའི་སྒོ་ནས་རྒྱ་གར་གྱི་ཚོང་ཟོག་སྟེ། དཔེར་ན། གྱོན་ཆས་དང་། ལྷམ་རིགས། འཁྱགས་ཤ་སོགས་ལོངས་སྤྱོད་བྱེད་ཐུབ།
དབྱིན་ཇི་ཡོ་རོབ་མནའ་འབྲེལ་དང་ཁ་བྲལ་རྗེས། 2022ལོའི་ཟླ1པོར་རྒྱ་གར་དང་ཚོང་དོན་གྲོས་མོལ་བྱེད་མགོ་བརྩམས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།