མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེན་མོས་རྒྱ་གར་དང་ཕ་ཁི་སི་ཐན་གྱིས་དམག་དོན་བཟོད་སྒོམ་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་།
2025.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས6ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཁོའི་མགྲིན་ཚབ་པ་བརྒྱུད་ནས་གསལ་བསྒྲགས་སྤེལ་ཏེ། རྒྱ་གར་དང་ཕ་ཁི་སི་ཐན་གྱིས་དམག་དོན་བཟོད་སྒོམ་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱ་གར་དང་ཕ་ཁི་སི་ཐན་བར་གྱི་གནས་བབ་མུ་མཐུད་དུ་ཛ་དྲག་ཏུ་ཕྱིན་པ་ལ་ཀུའུ་ཐི་ལེ་སི་ཡིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། གསལ་བསྒྲགས་ཀྱི་ནང་དུ་འཛམ་གླིང་གིས་རྒྱ་གར་དང་ཕ་ཁི་སི་ཐན་བར་གྱི་དམག་དོན་འགྲན་རྒོལ་ཐེག་མི་ཐུབ་ཅེས་བསྟན་ཡོད།

དེ་སྔོན་ཀུའུ་ཐི་ལེ་སི་ཡིས་སྨྱན་བྱད་ཀྱི་གསར་འགོད་པར་གཏམ་བཤད་སྤེལ་སྐབས་བསྟན་དོན། རྒྱ་གར་དང་ཕ་ཁི་སི་ཐན་བར་གྱི་ཛ་དྲག་གི་གནས་བབ་དེ་ལོ་མང་རིང་གི་ཆེས་མཐོ་ཤོས་སུ་སླེབས་ཡོད་པས་ཁོས་སེམས་སྡུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།   ཁོས་ནན་གྱིས་བསྟན་དོན། དམག་དོན་གྱི་བྱེད་ཐབས་ནི་ཐག་གཅོད་བྱེད་ཐབས་མིན་པ་དང་། འགག་རྩའི་དུས་སྐབས་འདིར་ལས་སླ་པོར་ཚོད་འཛིན་བྱེད་ཐབས་བྲལ་བའི་དམག་དོན་འགྲན་རྒོལ་ཞིག་མི་འབྱུང་བ་བྱ་རྒྱུ་དེ་ནི་གལ་འགངས་ཆེ་བ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་བབ་ཞི་ལྷོད་དུ་གཏོང་རྒྱུ་དང་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བ། ཡང་བསྐྱར་ཞི་བདེ་ལ་འབད་བརྩོན་བྱ་རྒྱུ་བཅས་ལ་ཕན་པའི་གྲོས་གཞི་གང་རུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོ་ལ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་འདུམ་སྒྲིག་བྱས་ནས་ཞི་བདེར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་དཔོན་རིགས་ཀྱིས་ས་གནས་དེའི་དུས་ཚོད་ཚེས་7ཉིན།  རྒྱ་གར་དམག་ཕྱོགས་ཀྱིས་ཉིན་དེའི་ཐོ་རེངས་ཁར་ཕ་ཁི་སི་ཐན་གྱི་ས་ཆ་དང་དེ་མིན་ཕ་ཁི་སི་ཐན་གྱིས་ཚོད་འཛིན་བྱས་པའི་ཁི་ཧྲི་མིས་ཨར་ས་ཁུལ་བཅས་ཉུང་མཐར་ཡང་ས་གནས6ལ་མཁའ་རྒོལ་བྱས་པ་དང་། ཕ་ཁི་སི་ཐན་གྱི་དམག་དཔུང་གིས་མྱུར་དུ་ཕར་རྒོལ་བྱས་པ་ལས་རྒྱ་གར་གྱི་མཁའ་དམག་གི་དམག་འཐབ་གནམ་གྲུ5གཏོར་ཡོད། འཇབ་རྒོལ་བྱས་ནས་བྱིས་པ་གཅིག་དང་བཅས་ཉུང་མཐར་ཡང་མི8རྐྱེན་ལམ་དུ་ཤོར་བ་དང་། མི35ལ་རྨས་ཕོག་ཡོད་ཅིང་།  གཞན་ཡང་མི2གར་སོང་ཆ་མེད་དུ་གྱུར།

གཡང་འབུམ་རྒྱལ་གྱིས་བསྒྱུར།