རྒྱལ་སྲུང་པུའུ་ཡིས་བྱང་ཆིངས་ཀྱིས་རང་ངོས་ཀྱི་གནད་དོན་ལ་ཞིབ་དཔྱད་མང་ཙམ་བྱེད་དགོས་པའི་སྐུལ་མ་བཏང་།
2025.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5བའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞའོ་ཀང་གིས་ཉེ་ལམ་གྱི་དམག་དོན་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

གསར་འགོད་པས་ཉེ་ལམ་བྱང་ཆིངས་ཀྱིས་ལོ་འཁོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོ་ནི་བྱང་ཆིངས་ཀྱི་མ་ལག་རང་བཞིན་གྱི་འགྲན་སློང་དུ་གྱུར་ཡོད་པར་མ་ཟད། ཉིང་རྡུལ་མཚོན་ཆའི་མཛོད་མྱུར་དུ་རྒྱ་ཆེར་གཏོང་བཞིན་ཡོད། འབྲེལ་ཡོད་སྲིད་ཇུས་ཀྱིས་བྱང་ཆིངས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁེ་ཕན་དང་བདེ་འཇགས། རིན་ཐང་ལྟ་བ་བཅས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་ཅེས་འཁོད་ཡོད།འདིའི་སྐོར་ནས་ཁྱོད་ལ་དཔྱད་གཏམ་ཅི་ཞིག་ཡོད་ཅེས་དྲིས་པར།

ཀྲང་ཞའོ་ཀང་གིས་བྱང་ཆིངས་ཀྱི་འབྲེལ་ཡོད་སྙན་ཞུའི་ནང་འཇམ་འཐབ་ཀྱི་བསམ་གཞིགས་ཀྱིས་ཁེངས་ཡོད། ཀྲུང་གོའི་འཇིགས་སྐུལ་ཟེར་བ་དེ་ནི་དོན་དངོས་སྣང་མེད་དུ་བཞག་ནས་བྱ་ཡུལ་བཙལ་ནོར་ཐེབས་པ་ཞིག་རེད།ཀྲུང་གོས་སུ་ཞིག་ལ་འགྲན་སློང་བྱེད་འདོད་མེད་ལ་སུ་ཞིག་ལ་འཇིགས་སྐུལ་ཡང་གཏན་ནས་བྱེད་ཀྱི་མེད།ཀྲུང་གོའི་ཉིང་རྡུལ་སྲིད་ཇུས་ལ་ཚད་མཐོའི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན། སྔོན་དཔག་རང་བཞིན་བཅས་ལྡན་ཡོད་པས་ཐོག་མཐའ་བར་གསུམ་དུ་རང་སྲུང་འགོག་སྲུང་གི་ཉིང་རྡུལ་འཐབ་ཇུས་ལག་བསྟར་བྱས་ཏེ། ཉིང་རྡུལ་སྟོབས་ཤུགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་དགོས་མཁོའི་ཆུ་ཚད་དམའ་ཤོས་སུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

དེ་ལས་ལྡོག་སྟེ་བྱང་ཆིངས་ལ་བལྟས་ན། ཉེ་བའི་ལོ་ཤས་རིང་ས་མཚམས་ལས་བརྒལ་ནས་དབང་ཆ་རྒྱ་བསྐྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་དུ་ཁྱབ་པས། ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་གཏོར་བརླགས་ཚབས་ཆེན་ཐེབས་ཡོད། བྱང་ཆིངས་ཀྱིས་ཉིང་རྡུལ་མཉམ་སྤྱོད་བཀོད་སྒྲིག་བྱས་པ་བརྒྱུད་ནས། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཉིང་རྡུལ་མཚོན་ཆའི་མཛོད་བཙུགས་ཡོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་ཁག་ཅིག་གིས་མ་དངུལ་འབོར་ཆེན་བཏང་ནས་འཐབ་ཇུས་སྟོབས་ཤུགས་རིམ་སྤོར་བྱས་པར་མ་ཟད། ད་དུང་ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་ལ་ཉིང་རྡུལ་རྒྱུ་ཆ་འབོར་ཆེན་ཁྱབ་སྤེལ་གཏོང་བ་དང་མཉམ་ལས་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།འབྲེལ་ཡོད་བྱ་སྤྱོད་དེ་དག《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་བྱེད་པའི་ཆིངས་ཡིག》དང་ཚབས་ཆེན་འགལ་བ་དང་།  རྒྱལ་སྤྱིའི་ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་བྱེད་པའི་མ་ལག་ལ་གཏོར་བརླགས་ཚབས་ཆེན་བཟོས་པར་མ་ཟད། གོ་ལ་ཧྲིལ་པོའི་འཐབ་ཇུས་བདེ་འཇགས་བརྟན་ལྷིང་ལ་རྡུང་རྡེག་ཚབས་ཆེན་བཏང་ཡོད། ང་ཚོས་བྱང་ཆིངས་རྩ་འཛུགས་ཀྱིས་རང་ངོས་ཀྱི་གནད་དོན་ལ་ཞིབ་དཔྱད་མང་ཙམ་བྱེད་པ་ལས། གཟུགས་མེད་གྲུབ་བཟོ་དང་འགན་འཁྲི་ཕྱིར་འབུད་མི་བྱེད་པའི་སྐུལ་མ་བཏང་བ་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།