ཚེས7ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཀིན་ཧྲོང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཏམ་བཤད་སྤེལ་སྐབས། མིག་སྔའི་གནས་བབ་འོག་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གྲོས་མོལ་སླར་གསོ་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་པར་འབད་བརྩོན་བྱེད་དགོས་པ་ལས་བཀག་སྡོམ་དང་གནོན་ཤུགས་སྟེར་མི་རུང་བར་བསྟན།
ཀིན་ཧྲོང་གིས་བཤད་རྒྱུར། མིག་སྔར་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སྔར་བཞིན་རྙོག་འཛིང་དང་ཛ་དྲག་ཡིན་ལ་བརྟན་ལྷིང་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་གྱིས་ཁེངས་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་ཡུན་རིང་ལ་རྐང་འཛུགས་པ་དང་ཁྱོན་ཡོངས་ལ་དམིགས་ཏེ་ལྷོད་འཇགས་དང་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ། འགལ་བ་ཛ་དྲག་ཏུ་འགྲོ་བའི་གཏུམ་སྤྱོད་གང་རུང་མི་འབྱུང་བ་བྱས་ནས། གནས་བབ་ཇེ་སྡུག་ཏུ་འགྲོ་བ་ཧུར་ཐག་གིས་སྔོན་འགོག་བྱེད་པར་སྐུལ་འདེད་གཏོང་བར་འབོད་སྐུལ་གཏོང་བཞིན་ཡོད། དུས་ཡུན་ངེས་ཅན་ཞིག་གི་རིང་ལ་རྒྱལ་ཁབ་ཁ་ཤས་ཀྱིས་ཕྱེད་གླིང་དུ་མུ་མཐུད་དུ་དམག་དོན་སྦྱོང་བརྡར་བྱེད་པ་དང་འཐབ་ཇུས་མཚོན་ཆ་བསྟུད་མར་འཁྲབ་སྟོན་བྱས་པས། ཕྱོགས་སོ་སོའི་དགྲར་འཛིན་གྱི་བསམ་བློ་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ལ། འགལ་རྐྱེན་འབྱུང་བའི་ཉེན་ཁ་ཡང་མུ་མཐུད་དུ་ཆེ་རུ་འགྲོ་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་ཉེན་ཁའི་བྱ་སྤྱོད་དེ་རིགས་སྔ་མོ་ནས་མཚམས་འཇོག་དགོས་པའི་འབོད་སྐུལ་དྲག་པོ་གཏོང་བཞིན་ཡོད།
ཀིན་ཧྲོང་གིས་བཤད་རྒྱུར། ཉེ་ལམ་འབྲེལ་ཡོད་ཕྱོགས་ཀྱིས་གྲོས་མོལ་དང་འབྲེལ་གཏུག་བྱས་པ་བརྒྱུད་ནས་དགེ་མཚན་ལྡན་པའི་བརྡ་རྟགས་ཁག་ཅིག་བཏང་ཡོད།ཀྲུང་གོས་འབྲེལ་ཡོད་ཕྱོགས་ཀྱིས་གོ་སྐབས་དམ་འཛིན་དང་མཉམ་འགུལ་ཧུར་ཐག་བྱས་ཏེ། ཕན་ཚུན་ཡིད་ཆེས་ཀྱི་སྒོ་ནས་ཕྱེད་གླིང་གི་གནད་དོན་དེ་སྔ་མོ་ནས་གྲོས་མོལ་གྱི་ལམ་དུ་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། དེའི་སྐོར་ནས་ཨ་རིས་ཐོག་མར་བསམ་ཤེས་བྱས་ཏེ་གྲོས་མོལ་ལ་གཞོལ་བའི་རྣམ་འགྱུར་དོན་འཁྱོལ་བྱེད་དགོས་ཟེར།
ཀིན་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བཀག་སྡོམ་ནི་བྱ་ཐབས་ཤིག་ཡིན་པ་ལས་དམིགས་ཡུལ་མིན་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཐག་གཅོད་འཕེལ་རིམ་ལ་ཞབས་འདེགས་ཞུ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད།བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་འཆམ་བྱས་པའི་ཁྲའོ་ཞན་དང་འབྲེལ་བ་ཡོད་པའི་གྲོས་ཆོད་ནང་བཀག་སྡོམ་ཚུད་ཡོད་ལ་ཆབ་སྲིད་ཐག་གཅོད་དང་མི་ཆོས་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་ནང་དོན་ཡང་འདུས་ཡོད་པས་གཅིག་ལ་དགའ་པོ་བྱས་ནས་གཞན་ལ་མཐོང་ཆུང་བྱས་ཏེ་གདམ་གསེས་རང་བཞིན་གྱི་ལག་བསྟར་བྱེད་མི་རུང་ཞེས་བསྟན།
ཀིན་ཧྲོང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཨ་རིས་ཕྱེད་གླིང་གི་གནད་དོན་ལ་བརྟེན་ནས་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། འཇིགས་སྐུལ་སྣུར་སྲིང་ལ་ཤུགས་སྣོན་རྒྱག་པ། ཕྱེད་གླིང་དང་དེ་མིན་མཐའ་འཁོར་དུ་འཐབ་ཇུས་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཇམ་འཐབ་གསར་པ་བཟོ་རྩིས་བྱེད་ཀྱི་ཡོད།དེས་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱི་སྟེང་ནས་ཐག་གཅོད་བྱེད་པར་ཕན་ཐོགས་མེད་པར་མ་ཟད། ཀྲུང་གོ་དང་བཅས་པའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་ཐེབས་པས་བདེ་འཇགས་ཀྱི་དཀའ་ངལ་དེ་ལས་ཚབས་ཆེན་འབྱུང་ངེས་རེད།ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་ཉེན་ཁ་ཆེ་བའི་བྱ་སྤྱོད་དེ་རིགས་མྱུར་དུ་མཚམས་འཇོག་རྒྱུ་དང་། ཕྱེད་གླིང་གི་གནད་དོན་དེ་རང་ངོས་ཀྱི་ས་བབ་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཁ་གཡར་ས་དང་ལག་ཆར་བརྩི་མཚམས་འཇོག་དགོས་པའི་སྐུལ་མ་བཏང་པ་ཡིན།
ཀིན་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱེད་གླིང་གི་གནད་དོན་གྱི་ངོ་བོ་ནི་བདེ་འཇགས་ཀྱི་གནད་དོན་ཡིན་པ་དང་། དེའི་འབྱུང་རྩ་ནི་ཞི་བདེའི་ལམ་སྲོལ་བཙུགས་མེད་པ་དང་འབྲེལ་ཡོད་ཕྱོགས་ལ་ཕན་ཚུན་ཡིད་ཆེས་མེད་པ་དེ་ཡིན། འབྲེལ་ཡོད་ཕྱོགས་སོ་སོས་ཆབ་སྲིད་ཀྱིས་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་བརྟན་འཇགས་སྲུང་སྐྱོང་དང་ཟང་ཟིང་སྔོན་འགོག་བྱེད་པ། ཞི་བདེ་ཁ་ཏ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་དང་བསྟུན་ནས། གྲོས་མོལ་བྱས་པ་བརྒྱུད་ནས་ཕན་ཚུན་ཡིད་ཆེས་བྱས་ཏེ། སྔ་མོ་ནས་ཞི་བདེ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།