ཁྲའོ་ཞན་གྱིས་རྒྱང་བསྟེན་མེ་སྒྱོགས་དང་འཕུར་མདེལ་མ་ལག་གི་མཉམ་འབྲེལ་རྒོལ་རྡུང་སྦྱོང་བརྡར་བྱས།
2025.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས9ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས8ཉིན་ཁྲའོ་ཞན་ཤར་རྒྱུད་ཀྱི་རྒྱང་བསྟེན་མེ་སྒྱོགས་དམག་དང་འཕུར་མདེལ་དམག་དཔུང་གིས་མཉམ་འབྲེལ་རྒོལ་རྡུང་སྦྱོང་བརྡར་བྱས་པ་དང་།  ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཅིན་ཀྲིན་ཨིན་གྱིས་སྦྱོང་བརྡར་ལ་མཛུབ་སྟོན་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན།  ཐེངས་འདིའི་སྦྱོང་བརྡར་ལ་ཧའོ་སྨི600ཡི་སྦུ་གུ་མང་བའི་མེ་ཤུགས་འཕུར་མདེལ་དང་མིག་དམར་མེ་སྒྱོགས་ཀྱི་འཐབ་རྩལ་མདེལ་ལམ་འཕུར་མདེལ་སྤྱོད་པའི་དམིགས་ཡུལ་ནི།  འབྲེལ་ཡོད་དམག་དཔུང་ལ་རྒྱལ་ཁབ་ཀྱི་ཉིང་རྡུལ་མཚོན་ཆའི་ཕྱོགས་བསྡུས་དོ་དམ་མ་ལག་གཞིར་བཟུང་ནས། གོང་གསལ་གྱི་མཚོན་ཆའི་མ་ལག་སྤྱོད་པའི་གོ་རིམ་ལ་རྒྱུས་ལོན་ཡོང་བར་བྱ་རྒྱུ་དེ་རེད། གནས་ཚུལ་སྤེལ་བའི་ཁྲོད་ཁྲའོ་ཞན་རྒྱལ་སྲུང་ལས་ཁུངས་ཀྱི་མགྲིན་ཚབ་པའི་སྐད་ཆ་དྲངས་ནས་བཤད་རྒྱུར།  ཐེངས་འདིའི་སྦྱོང་བརྡར་དེས་རྒྱལ་ཁབ་རང་གི་དྲག་ཆས་སྟོབས་ཤུགས་ཀྱིས་དགྲ་བོས་བཟོས་པའི་དམག་དོན་གནས་བབ་ཀྱི་འགྱུར་ལྡོག་ལ་མྱུར་དུ་ཁ་གཏད་འཇལ་ཐུབ་པའི་འགོག་རྒོལ་གྱི་རྣམ་པ་དང་ནུས་པ་གང་ལེགས་ཀྱིས་མངོན་ཐུབ་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན།  ཅིན་ཀྲིན་ཨིན་གྱིས་དམག་འཁྲུག་བཀག་འགོག་འཐབ་ཇུས་དང་འཐབ་ཇུས་ལག་བསྟར་བྱེད་པའི་ཕྱོགས་ཁག་ཐད་ཉིང་རྡུལ་དྲག་ཤུགས་ཀྱི་ལྟེ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་།   ཉིང་རྡུལ་དྲག་ཤུགས་ཀྱི་རྒྱུན་གཏན་རང་བཞིན་གྱི་འཐབ་འཛིང་གྲ་སྒྲིག་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་རེད། ཅིན་ཀྲིན་ཨིན་གྱིས་ད་དུང་ཁྲའོ་ཞན་གྱིས་མཚོན་ཆའི་མ་ལག་གི་རྒྱང་བསྟེན་གྱི་གནད་ལ་འཁེལ་བའི་རྒོལ་རྡུང་ནུས་པ་དང་ལས་ཆོད་ཆེ་རུ་གཏོང་བར་མུ་མཐུད་དུ་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

གཡང་འབུམ་རྒྱལ་གྱིས་བསྒྱུར།