ཚེས8ཉིན་སུའུ་ཏན་གྱི་སྨྱན་བྱད་དང་དམངས་ཁྲོད་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་རྒྱལ་སའི་མཐའ་འཁོར་གྱི་ཨེན་ཐུའུ་མན་གྲོང་ཁྱེར་ནུབ་རྒྱུད་ཀྱི་སྡོད་དམངས་ཁུལ་མང་པོར་ཉིན་དེར་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གི་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་མི་སེར8རྐྱེན་ལམ་དུ་ཤོར།
ཚེས8ཉིན《སུའུ་ཏན་གླེང་སྟེགས་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་ཉིན་དེར་ཨེན་ཐུའུ་མན་ནུབ་རྒྱུད་ཏར་ས་ལ་མུའུ་ས་ཁུལ་གྱི་སྡོད་དམངས་ཁུལ26པར་འཛུལ་ནས་ཉུང་མཐར་ཡང་མི་སེར5བསད་ཟེར།
ཚེས8ཉིན་སུའུ་ཏན་གྱི་དམངས་ཁྲོད་ལས་ཁུངས་སུའུ་ཏན་སྨན་པའི་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་མི་མེད་གནམ་གྲུ་ཞིག་སྤྱད་དེ་ཏར་ས་ལ་མུའུ་ས་ཁུལ་གྱི་སྡོད་དམངས་ཁུལ16པའི་སྡོད་ཁང་ཞིག་ལ་འཇབ་རྒོལ་བྱས་ཏེ་བྱིས་པ་3རྐྱེན་ལམ་དུ་བཏང་བ་དང་བྱིས་པ4རྨས་ཟེར།
སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ཨེན་ཐུའུ་མན་གྲོང་ཁྱེར་གྱི་འཇབ་རྒོལ་དོན་རྐྱེན་ལ་ལན་བཏབ་མེད།
2023ལོའི་ཟླ4པའི་ཚེས15ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་སུའུ་ཏན་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་བར་རྒྱལ་ས་ཁར་ཐུའུ་མུའུ་རུ་དྲག་ཆས་འཁྲུག་རྩོད་བྱུང་བ་དང་། དེའི་རྗེས་སུ་དམག་འཁྲུག་གི་མེ་ལྕེ་དེ་ས་ཁུལ་གཞན་དུ་ཁྱབ་པ་རེད། ལོ་གཉིས་ལྷག་ཙམ་ལ་རྒྱུན་མཐུད་པའི་འཁྲུག་རྩོད་དྲག་པོའི་ཁྲོད་སུའུ་ཏན་གྱི་མི་ཁྲི་གཉིས་དང་སྟོང་དགུ་བདུན་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི་གཅིག་དང་སྟོང་གཉིས་བརྒྱད་བརྒྱ་ལྔ་ཙམ་ཡུལ་གྱར་པར་གྱུར་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།