ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་རྒྱལ་ཁབ་ལ་ལྷོ་ཕྱོགས་རྒྱ་མཚོའི་ཁུལ་དུ་ཤོག་ཁག་བསྒྲིགས་པ་དང་ཕུ་དཀྲུག་མདའ་དཀྲུག་བྱེད་མཚམས་དགོས་པའི་སྐུལ་མ་བཏང་།
2025.05.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས8ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་བསྟན་དོན། ཉིན་ཤས་སྔོན་ཧྥེ་ལི་ཕིན་དང་། ཨ་རི། ཨོ་སི་ཁྲུ་ལི་ཡ་བཅས་ཀྱིས་ལྷོ་ཕྱོགས་རྒྱ་མཚོའི་མཚོ་ངོས་དང་མཁའ་དབྱིངས་སུ་མཉམ་འབྲེལ་སྐོར་སྐྱོད་བྱས་ནས་འུད་སྒྲོག་ཆེན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་ལྷོ་ཕྱོགས་རྒྱ་མཚོའི་ཁུལ་དུ་ཤོག་ཁག་བསྒྲིགས་པ་དང་ཕུ་དཀྲུག་མདའ་དཀྲུག་བྱེད་མཚམས་བཞག་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་གནོད་འཚེ་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར།

ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་སྟེང་གསར་འགོད་པ་ཞིག་གིས་ཉེ་ཆར་ཧྥེ་ལི་ཕིན་དང་ཨ་རི།ཨོ་སི་ཁྲུ་ལི་ཡ་བཅས་རྒྱལ་ཁབ་གསུམ་གྱི་དམག་ཕྱོགས་ཀྱིས་ལྷོ་ཕྱོགས་རྒྱ་མཚོའི་འབྲེལ་ཡོད་མཚོ་ཐོག་དང་མཁའ་ཁོངས་ལ་མཉམ་འབྲེལ་སྐོར་སྐྱོད་བྱས་པ་དང་། བྱ་འགུལ་དེའི་དམིགས་ཡུལ་ནི་མཉམ་འབྲེལ་འགུལ་སྐྱོད་ནུས་པར་ཤུགས་སྣོན་བྱས་ནས། རང་དབང་སྒོ་འབྱེད་ཀྱི་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁོངས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པར་ཕྱི་འབྲེལ་པུའུ་ལ་དེའི་ཐད་དཔྱད་གཏམ་ཅི་ཞིག་ཡོད་ཅེས་དྲིས་པར།

ལིན་ཅན་གྱིས་མིག་སྔའི་ལྷོ་ཕྱོགས་རྒྱ་མཚོའི་གནས་བབ་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པ་དང་རྒྱལ་ཁབ་ཁག་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་མཚོ་སྐྱོད་དང་འཕུར་སྐྱོད་ཀྱི་རང་དབང་ལ་གནད་དོན་གང་ཡང་མེད། རྒྱལ་ཁབ་སོ་སོས་ལྷོ་ཕྱོགས་རྒྱ་མཚོའི་ནང་བྱ་འགུལ་སྤེལ་སྐབས་རྒྱལ་སྤྱིའི་བཅའ་ཁྲིམས་དང《ལྷོ་ཕྱོགས་རྒྱ་མཚོའི་ཕྱོགས་སོ་སོའི་བྱ་སྤྱོད་བསྒྲགས་གཏམ》གྱི་དགོངས་དོན་བརྩི་སྲུང་བྱེད་དགོས་པ་ལས། རྒྱལ་ཁབ་གཞན་པར་དམིགས་པ་དང་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་ལ་གནོད་འཚེ་གཏོང་མི་རུང་།

ཁོས་ཧྥེ་ལི་ཕིན་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང《ལྷོ་ཕྱོགས་རྒྱ་མཚོའི་ཕྱོགས་སོ་སོའི་བྱ་སྤྱོད་བསྒྲགས་གཏམ》དང་འགལ་ནས་མཚོ་ཐོག་ཏུ་བཙན་གནོད་དང་འཁྲུག་སློང་དོན་རྐྱེན་ཡང་ཡང་བཟོས་པ་དང་། ས་ཁོངས་ཕྱི་རོལ་གྱི་སྟོབས་ཤུགས་བཀུག་ནས་དྲག་ཤུགས་ངོམ་ཚེ་མཐར་རང་སྡུག་རང་གིས་ཉོ་བ་ལས་ཅི་ཡང་ཡོང་རྒྱུ་མེད་ཅེས་བཤད།

ལིན་ཅན་གྱིས་ཨ་རི་སོགས་ས་ཁོངས་ཕྱི་རོལ་གྱི་རྒྱལ་ཁབ་ཀྱིས་ལྷོ་ཕྱོགས་རྒྱ་མཚོའི་ས་ཁུལ་དུ་མཉམ་འབྲེལ་ལ་ཁ་གཡར་ནས་ཟང་ཟིང་བཟོ་བ་ནི་ལྷོ་ཕྱོགས་རྒྱ་མཚོའི་ཞི་བདེ་དང་བརྟན་འཇགས་ལ་གཏོར་བརླག་བྱེད་པའི་ཉེན་ཁའི་འབྱུང་ཁུངས་ཆེ་ཤོས་དེ་ཡིན་པར་བསྟན།

ལིན་ཅན་གྱིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ངོས་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ་ལྷོ་ཕྱོགས་རྒྱ་མཚོའི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་ལྷོ་ཕྱོགས་རྒྱ་མཚོའི་ས་ཁུལ་དུ་ཤོག་ཁག་བསྒྲིགས་པ་དང་ཕུ་དཀྲུག་མདའ་དཀྲུག་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་གནོད་འཚེ་གཏོང་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་ཡིན་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།