ཚེས8ཉིན་ཀྲི་ལིའི་ཧྲིན་ཏིས་ཡ་ཀི་རྒྱལ་སའི་ཁུལ་ཆེན་པོའི་ཙུང་ཐུང་འཐུས་མི་ཀུང་ས་ལོ·ཏུའུ་ལན་གྱིས་བཤད་རྒྱུར། ཚེས7ཉིན་འབྲེལ་ཐག་ཆད་པའི་སྨན་བཅོས་མྱུར་སྐྱོབ་གནམ་གྲུ་ཞིག་ཁུལ་ཆེན་པོ་དེའི་ཁུའུ་ལ་ཁ་ཝུའེ་གྲོང་ཁྱེར་དུ་ལྷུང་བ་ཤེས་རྟོགས་བྱུང་ཞིང་། སྐབས་དེར་གནམ་གྲུའི་ནང་གི་མི6པོ་ཚང་མ་རྐྱེན་ལམ་དུ་ཤོར་འདུག་ཟེར།
ཚེས8ཉིན་ཏུའུ་ལན་གྱིས་ཀྲི་ལིའི་སྨྱན་བྱད་ལས་དོན་རྐྱེན་དེའི་གནས་ཚུལ་སྐོར་བརྡ་ཁྱབ་གཏོང་སྐབས་བཤད་རྒྱུར། གནམ་གྲུ་དེ་ཐོག་མར་ཧྲིན་ཏིས་ཡ་ཀི་ནས་ཀྲི་ལིའི་བྱང་རྒྱུད་གྲོང་ཁྱེར་ཨ་ལིས་ཁ་རུ་འཕུར་རྩིས་ཡོད་ཀྱང་། ཚེས7ཉིན་གྱི་དགོང་མོར་འབྲེལ་གཏུག་ཆད་པར་གྱུར། འཚོལ་སྐྱོབ་མི་སྣས་དགོང་མོར་འཚོལ་སྐྱོབ་ཀྱི་འགུལ་སྐྱོད་སྤེལ་མོད། འོན་ཀྱང་ཆར་ཆུ་བབས་པ་སོགས་རྙོག་འཛིང་ཆེ་བའི་གནམ་གཤིས་ཀྱི་དབང་གིས་འཚོལ་སྐྱོབ་ལ་དཀའ་ངལ་བཟོས་ཡོད། ཚེས8ཉིན་གྱི་ཕྱི་དྲོར་ཀྲི་ལིའི་མཁའ་དམག་གིས་ད་གཟོད་དོན་རྐྱེན་བྱུང་བའི་གནམ་གྲུའི་གནས་གཏན་འཁེལ་བྱེད་ཐུབ་པར་གྱུར།
མིག་སྔར་ཀྲི་ལིའི་ཞིབ་དཔྱོད་ཕྱོགས་དང་མཁའ་དམག་གིས་དོན་རྐྱེན་གྱི་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།