བཟའ་བཅའི་རྒྱུ་ཆའམ་ཡང་ན་འབར་རྫས་དཀོན་པའི་དབང་གིས་ཅ་ཧྲ་ས་ཁུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་དང་རོགས་སྐྱོར་སྒྲིག་གཞིས་རྒྱབ་སྐྱོར་བྱེད་བཞིན་པའི་སྡེ་ཁུལ་གྱི་ཐབ་ཚང་བརྒྱ་ལྷག་ཙམ་ཉེ་ལམ་འཁོར་སྐྱོད་བྱེད་མཚམས་བཞག་ཡོད་པ་རེད། དབྱི་སི་རལ་གྱིས་ཟླ3པའི་ཟླ་མགོར་ཅ་ཧྲ་ས་ཁུལ་བཀག་སྡོམ་བྱེད་མགོ་བརྩམས་པས་ཕ་ལེ་སི་ཐན་གྱི་མང་ཚོགས་འཕྲད་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་ཡོད།
ཚེས7ཉིན་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་གསར་བརྗེས་བྱས་པའི་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་ཚུལ་སྐོར་གྱི་གསར་འགྱུར་མདོར་བསྡུས་ལྟར་ན། ཟླ4བའི་ཚེས27ཉིན་ནས་ཟླ5བའི་ཚེས6ཉིན་བར་གྱི་ཉིན10ཡི་ནང་དུ། ཅ་ཧྲ་ས་ཁུལ་གྱི་སྡེ་ཁུལ་གྱི་ཐབ་ཚང་སུམ་ཆའི་གཅིག་བཟའ་བཅའ་དང་འབར་རྫས་དཀོན་པའི་དབང་གིས་འཁོར་སྐྱོད་བྱེད་མཚམས་བཞག་པ་དང་། ཉིན་རེའི་ཟ་མ་མཁོ་སྤྲོད་བྱེད་ཚད25%ཇེ་ཉུང་དུ་ཕྱིན་ཡོད་པ་རེད།
དམག་འཁྲུག་གི་ཤུགས་རྐྱེན་ཐེབས་ནས་ཅ་ཧྲ་ས་ཁུལ་གྱི་ཟ་ཁང་དང་བག་ལེབ་ཚོང་ཁང་སྒོ་བརྒྱབ་པ་དང་། ཟ་མ་ཚ་པོ་མཁོ་འདོན་བྱེད་མཁན་སྡེ་ཁུལ་གྱི་ཐབ་ཚང་ནི་ཕ་ལེ་སི་ཐན་མང་ཚོགས་ལ་བཟའ་བཅའ་ཐོབ་པའི་མཐའ་མའི་སྲོག་རྩ་དེ་ཡིན་པ་རེད། དགེ་སྒྲུབ་རྩ་འཛུགས་འཛམ་གླིང་ཀྲུང་དབྱང་ཐབ་ཚང་གིས་ཚེས7ཉིན་གྱི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས8ཉིན་བཟུང་ཅ་ཧྲའི་སྡེ་ཁུལ་ཐབ་ཚང་དུ་སྒྲིག་གཞི་དེའི་སྒོ་རྒྱག་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་དངོས་རྫས་དཀོན་པར་མ་ཟད་ཁ་གསབ་བྱེད་མི་ཐུབ་པས་ཡིན་ཞེས་བཤད།
ཚེས8ཉིན་ལུའུ་ཐུའུ་གསར་འགྱུར་ཁང་གིས་ཕ་ལེ་སི་ཐན་སྲིད་གཞུང་མིན་པའི་རྩ་འཛུགས་དྲ་རྒྱའི་ཀྲུའུ་རིན་ཨ་མུའུ་ཅ་ཏེ·ཧྲ་ཝ་ཡི་སྐད་ཆ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཅ་ཧྲ་ས་ཁུལ་གྱི་སྡེ་ཁུལ་གྱི་ཐབ་ཚང170ཁྲོད་ཀྱི་མང་ཆེ་བ་དབྱི་སི་རལ་གྱི་དམག་དཔུང་གིས་མུ་མཐུད་དུ་བཀག་སྡོམ་བྱས་པས་འཁོར་སྐྱོད་བྱེད་མཚམས་བཞག་ཡོད་པར་བཤད།
དབྱི་སི་རལ་གྱི་དམག་དཔུང་གིས་ཟླ3པའི་ཚེས2ཉིན་ནས་བཟུང་། ཅ་ཧྲ་ས་ཁུལ་བཀག་སྡོམ་བྱས་པ་དང་ཟླ3པའི་ཚེས18ཉིན་ཅ་ཧྲ་ས་ཁུལ་དུ་སྐོར་ཐེངས་གསར་པའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད། དབྱི་སི་རལ་ཕྱོགས་ཀྱིས་གོང་གསལ་གྱི་བྱེད་ཐབས་ནི་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིས་བཙན་ཉར་བྱས་པའི་མི་སྣ་བཙན་ཤེད་ཀྱིས་གློད་གྲོལ་གཏོང་ཆེད་ཡིན་མོད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་རྩ་འཛུགས་མང་པོ་ཞིག་གིས་དབྱི་སི་རལ་ཕྱོགས་ཀྱིས་བཀག་སྡོམ་བྱས་པ་ནི། བཀྲེས་ལྟོགས་ཀྱི་འཐབ་རྩལ་ལག་བསྟར་བྱས་པ་ཞིག་ཡིན་པས་དམག་འཁྲུག་གི་ཉེས་པར་འགྱུར་སྲིད་ཅེས་སྐྱོན་འཛུགས་བྱས།
མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱིས་ཅ་ཧྲ་ས་ཁུལ་གྱི་མི་ས་ཡ་གཉིས་ལ་བཟའ་བཏང་གི་དཀའ་ངལ་ཚབས་ཆེན་དང་འཕྲད་ཡོད་པར་བཤད། འཛམ་གླིང་ཀྲུང་དབྱང་ཐབ་ཚང་གི་སྲོལ་གཏོད་མཁན་ཧི་སེ·ཨན་ཏི་ལེ་སི་ཡིས་བཤད་རྒྱུར། ང་ཚོར་བཟའ་བཏུང་དང་དངོས་ཟོག་གི་ས་བཀང་པའི་ལྗིད་ཐེག་རླངས་འཁོར་ཨེ་ཅིབ་དང་། ཅོར་ཏན། དབྱི་སི་རལ་བཅས་སུ་བཀའ་སྒུག་བྱས་ཡོད་མོད། འོན་ཀྱང་དེ་དག་ལ་དབྱི་སི་རལ་གྱི་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་བཀོལ་སྤྱོད་བྱེད་ཐབས་མེད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་ཟོག་རང་མོས་ངང་འཁོར་སྐྱོད་བྱེད་པར་ངེས་པར་དུ་འགན་ལེན་བྱེད་དགོས་ཟེར།
ཅ་ཧྲ་ས་ཁུལ་གྱི་ཆུ་མཁོ་འདོན་ཡང་མི་འདང་བ་རེད། ཚེས8ཉིན་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་མགྲིན་ཚབ་པ་ཆའོ་ན་སིན·ཁི་ལིས་ཁི་སི་ཡིས་ཅ་ཧྲ་ས་ཁུལ་གྱི་ཆུ་མཁོ་འདོན་མ་ལག65%ནས70%བར་གཏོར་བཤིག་ཐེབས་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མི་སྣས་ཆུ་འདྲེན་ལྗིད་ཐེག་རླངས་འཁོར་ལ་བརྟེན་ནས་ཆུ་མཁོ་འདོན་བྱེད་ཀྱི་ཡོད། འབར་སྣུམ་དཀོན་པའི་དབང་གིས་ཆུ་མཁོ་འདོན་བྱེད་ཚད་དེ་གྲོང་མི་ཚང་མར་ཁྱབ་དཀའ་ཟེར།
ཕ་ལེ་སི་ཐན་གྱི་ཆུ་བེད་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཅ་ཧྲའི་ཆུ་མཁོ་སྤྲོད་བྱེད་ཚད་མི་རེའི་ཆ་སྙོམས་ཉིན་རེར་ཧྲེང3ནས5བར་ཆག་པ་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་འབེབས་བྱས་པའི་མི་རེའི་ཆ་སྙོམས་ཉིན་རེར་ཧྲེང15ཡི་ཚད་གཞི་ལས་ཆེ་ཆེར་དམའ་བ་རེད།
དབྱི་སི་རལ་སྲིད་གཞུང་གི་མགྲིན་ཚབ་པ་ཏའེ་ཝེ·མིན་སི་ཡིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་ཟོག་ཧ་མ་སིས་ཚོད་འཛིན་བྱེད་པར་དབྱི་སི་རལ་ཕྱོགས་ཀྱིས་སེམས་ཁྲལ་བྱེད་ཀྱི་ཡོད་པ་དང་། དབྱི་སི་རལ་ཕྱོགས་ཀྱི་དཔོན་རིགས་ཀྱིས་དངོས་ཟོག་དེ་དགོས་མཁོ་ངོ་མ་ཡོད་པའི་མིའི་ལག་ཏུ་སྐྱེལ་རྒྱུའི་བྱེད་ཐབས་ཚོད་ལྟ་བྱེད་བཞིན་ཡོད་ཅེས་བཤད། མོན་སི་ཡིས་ཧ་མ་སིས་ཅ་ཧྲ་ས་ཁུལ་དུ་བྱུང་བའི་བཀྲེས་ལྟོགས་ཚབས་ཆེན་གྱི་སྣང་ཚུལ་ཇུས་འགོད་བྱས་པ་དང་། ཧ་མ་སིས་མཚོན་ཆ་མ་བཞག་གོང་དབྱི་སི་རལ་གྱིས་ཅ་ཧྲའི་བཀག་སྡོམ་མེད་པར་བཟོ་མི་སྲིད་ཟེར།
འོན་ཀྱང་དབྱི་སི་རལ་གྱིས་ཧ་མ་སིས་རོགས་སྐྱོབ་དངོས་ཟོག་བཀག་ཉར་བྱས་པའི་དཔང་རྟགས་གང་ཡང་མཁོ་འདོན་བྱས་མེད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མི་སྣ་ཚང་མས་དངོས་ཟོག་འགྲེམས་སྤེལ་ཐད་ཧ་མ་སིའི་དྲག་ཆས་མི་སྣར་ཕྱོགས་ཞེན་བྱས་པར་ཁས་མ་བླངས་པར་དངོས་ཟོག་བགོ་བཤའ་བྱེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟ་སྐུལ་དོ་དམ་ནན་པམོ་བྱེད་ཀྱི་ཡོད་ཅེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།