ཚེས9ཉིན་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀི་ཆི་ཡིས་ཚེས11ཉིན་དབྱི་ལིང་དང་ཨ་རིའི་བར་གྱི་སྐོར་ཐེངས་བཞི་པའི་གཞན་བརྒྱུད་གྲོས་མོལ་བྱེད་པར་དབྱི་ལིང་མོས་མཐུན་བྱུང་ཡོད་ཅེས་བཤད།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་ཨ་ལ་ཀི་ཆི་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། གྲོས་མོལ་འདུམ་སྒྲིག་བྱེད་མཁན་ཨ་མན་གྱིས་ཚེས11ཉིན་ནི་སྐོར་ཐེངས་གསར་པའི་གྲོས་མོལ་གྱི་དུས་ཚོད་ཡིན་ཞིང་། དེའི་ཐད་ཀྱི་དབྱི་ལིང་གི་ལྟ་ཚུལ་དྲིས་པར། ཨ་ལ་ཀི་ཆི་ཡིས་ང་ཚོས་མོས་མཐུན་བྱེད་ཀྱི་ཡོད་ཅེས་བཤད། ཁོས་ད་དུང་ཨ་མན་གྱིས་ཀྱང་ཨ་རི་ལ་ཡང་དེའི་སྐོར་གྱི་གནས་ཚུལ་དྲིས་ཡོད་པ་རེད། གནས་སྐབས་ཀྱི་ངོས་ནས་བརྗོད་ན། གྲོས་མོལ་དེ་གཟའ་ཉི་མར(ཚེས11ཉིན)འཚོག་རྒྱུ་ཡིན་པ་དང་། གྲོས་མོལ་མགོ་རྩོམ་པའི་དུས་ཚོད་སྐོར་ང་ཚོས་ཨ་མན་ཕྱོགས་ཀྱི་མཐུན་སྦྱོར་ལ་སྒུག་བཞིན་ཡོད་ཅེས་ཅེས་བཤད།
ཨ་ལ་ཀི་ཆི་ཡིས་གྲོས་མོལ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་འཕེལ་རྒྱས་ཀྱི་ཆ་ཇི་ཙམ་མང་ན་གྲོས་མོལ་དང་ཞིབ་བཤེར་དེ་ལས་མང་བ་བྱེད་དགོས་པ་དང་། འཐུས་མི་ཚོགས་པས་བཏོན་པའི་གནད་དོན་ལ་ཞིབ་བཤེར་བྱེད་པའི་དུས་ཚོད་དེ་ལས་མང་པོ་དགོས་ཀྱི་ཡོད་ཟེར།
ཟླ5བའི་ཚེས1ཉིན་ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པ་ཏི་ཨར་གྱིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་རྐྱེན་གྱིས་ཐོག་མར་ཟླ5བའི་ཚེས་3ཉིན་འཚོག་རྩིས་ཡོད་པའི་དབྱི་ལིང་དང་ཨ་རིའི་སྐོར་ཐེངས་བཞི་པའི་གཞན་བརྒྱུད་གྲོས་མོལ་འགོར་འགྱངས་བྱས་པ་དང་། གྲོས་མོལ་གྱི་དུས་ཚོད་གསར་པ་ཕྱོགས་སོ་སོས་གྲོས་མོལ་གཅིག་མཐུན་བྱུང་རྗེས་ཡང་བསྐྱར་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅ་ཨའེ་ཡིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། དབྱི་ལིང་གིས་དྲང་གཞག་དང་ཡུན་རིང་གི་གྲོས་མཐུན་འཇོག་རྒྱུར་སྔར་བཞིན་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད།
ཟླ4བའི་ཚེས12ཉིན་དབྱི་ལིང་དང་ཨ་རིས་ཨ་མན་གྱི་རྒྱལ་ས་མ་སི་ཁ་ཐེ་རུ་སྐོར་ཐེངས་དང་པོའི་གཞན་བརྒྱུད་གྲོས་མོལ་བྱས་པ་དེ་ནི། 2018ལོའི་ཟླ5པར་ཨ་རིས་ཕྱོགས་རྐྱང་པའི་སྒོ་ནས་དབྱི་ལིང་ཉིང་རྡུལ་གྲོས་མཐུན་ལས་ཕྱིར་འཐེན་བྱས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་དངོས་སུ་གྲོས་མོལ་བྱེད་ཐེངས་དང་པོ་རེད། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་ཟླ4བའི་ཚེས19ཉིན་དང་ཚེས26ཉིན་སོ་སོར་གཞན་བརྒྱུད་གྲོས་མོལ་ཐེངས་གཉིས་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།