ཚེས6ཉིན་ཨ་རིས་ཡེ་མེན་གྱི་ཧུའུ་སའེ་དྲག་ཆས་དང་དམག་འཁྲུག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་རྗེས། ཚེས8ཉིན་དབྱི་སི་རལ་དང་དབྱི་ལིང་གཉིས་ཀྱིས་ཕན་ཚུན་བར་སྐད་ཆ་རྩུབ་མོ་བཤད། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ལ་ཁ་གཏད་གཅོག་པའི་བྱེད་ཐབས་ཀྱིས་དབྱི་ལིང་ལ་ཁ་གཏད་གཅོག་པར་འཇིགས་སྐུལ་བྱས་པ་དང་། དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་གིས་དབྱི་སི་རལ་ལ་དམྱལ་བའི་སྒོ་ཕྱེ་རྒྱུ་ཡིན་ཞེས་བཤད།
ཚེས8ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་དབྱི་སི་ལེ་ཨེར·ཁ་ཚི་ཡིས་གསལ་བསྒྲགས་ནང་། དབྱི་ལིང་གིས་ཧུའུ་སའེ་དྲག་ཆས་ལ་མ་དངུལ་གྱི་རྒྱབ་སྐྱོར་དང་དམག་དོན་རོགས་སྐྱོར་བྱེད་པ་དང་མཉམ་དུ། རྩ་འཛུགས་དེ་སྤྱད་ནས་དབྱི་སི་རལ་ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བསྟན། ཁོས་དབྱི་ལིང་གི་མགོ་ཁྲིད་པར་ཁྱོད་ཚོས་ཐད་ཀར་མཇུག་འབྲས་འཁུར་དགོས་ཟེར། ང་ཚོས་སྔོན་ཆད་ལེ་པ་ནོན་པེ་རུ་ཐེ་ཡི་ཀྲིན་ཀྲུའུ་ཏང་དང་ཅ་ཧྲ་ས་ཁུལ་གྱི་ཧ་མ་སི། སི་རི་ཡའི་ཏ་མ་ཧྲི་ཁི་སོགས་ནང་བཞིན། ཐེ་ཧེ་རན་དུ་ཁྱེད་ཚོར་དེ་ལྟར་ཁ་གཏད་གཅོག་ངེས་ཡིན་ཞེས་སྐད་བརྒྱབ།
ཁ་ཚི་ཡིས་བཤད་རྒྱུར། དབྱི་ལིང་གིས་དངོས་ཤུགས་གང་རུང་ནས་དབྱི་སི་རལ་ལ་གནོད་འཚེ་གཏོང་མི་ཆོག་པ་དང་། དབྱི་སི་རལ་ལ་འཇིགས་སྐུལ་དང་དགྲ་བོ་གང་རུང་ལ་ཁ་གཏད་གཅོག་པའི་ནུས་པ་ལྡན་ཟེར།
ཚེས8ཉིན་དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྐུ་སྲུང་རུ་ཁག་གི་སྤྱི་ཁྱབ་སི་ལིན་ཧོའུ་སའེ་ཡིན·ས་ལ་ཡིས་ཀྱིས་དབྱི་ལིང་གི་ཐ་སི་ཉི་མུའུ་གསར་འགྱུར་ཁང་བརྒྱུད་ ནས། ཁྱོད་ཚོས་ནོར་འཁྲུལ་ཅུང་ཙམ་བྱས་བཟོས་ན་ང་ཚོས་ཁྱོད་ཚོར་དམྱལ་ཁམས་ཀྱི་སྒོ་ཕྱེ་རྒྱུ་ཡིན་ཞེས་དབྱི་སི་རལ་དང་ཨ་རིར་ཐ་ཚིག་དེ་ལྟར་བསྒྲགས།
ཚེས4ཉིན་ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་གྱི་པིན-ཀུའུ་ལི་ཨན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྒྲའི་མྱུར་ཚད་མཐོ་བའི་འཕུར་མདེལ་ཞིག་འཕངས་ནས་དམིགས་འབེན་ལ་ཕོག་ཡོད་པ་ཁྱབ་བསྒྲགས་བྱས། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་འཕུར་མདེལ་དེ་བདེ་བླག་ངང་འགོག་ཐུབ་མེད་པ་རེད། ཚེས6ཉིན་དབྱི་སི་རལ་གྱིས་ཧུའུ་སའེ་དྲག་ཆས་ཚོད་འཛིན་ཁུལ་དུ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་དང་། ཉིན་དེར་ཨ་རིས་གློ་བུར་དུ་ཧུའུ་སའེ་དྲག་ཆས་ལ་འབར་མདེལ་གྱིས་འགས་གཏོར་བཟོ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། དེའི་རྗེས་ཨ་མན་གྱི་དཔོན་རིགས་ཀྱིས་ཨ་རིས་ཧུའུ་སའེ་དྲག་ཆས་དང་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད་པ་ར་སྤྲོད་བྱས་པ་རེད།
ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་བར་གདོང་ཐུག་བྱུང་བའི་ཚུན་ལ་ཧུའུ་སའེ་དྲག་ཆས་ཀྱིས་འཕུར་མདེལ་དང་མི་མེད་གནམ་གྲུ་ཐེངས་མང་བཀོལ་ཏེ་དབྱི་སི་རལ་དང་འབྲེལ་བའི་གྲུ་གཟིངས་ལ་འཇབ་རྒོལ་བྱས་པར་མ་ཟད། དབྱི་སི་རལ་གྱི་སྐམ་སའི་དམིགས་འབེན་ལ་རྒྱུན་ཆད་མེད་པར་འཇབ་རྒོལ་བྱས་པ་རེད། ཧུའུ་སའེ་དྲག་ཆས་ཀྱིས་དབྱི་སི་རལ་ལ་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན།
གཡང་འབུམ་རྒྱལ་གྱིས་བསྒྱུར།