ཚེས8ཉིན་ཐུར་ཁེའི་གཞུང་ཕྱོགས་ཀྱི་བརྡ་ཁྱབ་ནང་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་དབྱི་སི་ཐན་པུར་གྲོང་ཁྱེར་དུ་འགུལ་སྐྱོད་སྤེལ་ནས་ཐལ་སྐྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་16བཀག་ཉར་བྱས་ཡོད་ཅེས་བཤད།
ཉིན་དེར་དབྱི་སི་ཐན་པུར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་གཞུང་སྒྲུབ་ཁང་གིས་རྩ་འཛུགས་དེའི་ནང་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་འཐབ་འཛིང་མི་སྣའི་དོགས་གཞི་ཡོད་པའི་མི་སྒེར23ལ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་ཅེས་ཁྱབ་བསྒྲགས་བྱས།
ཉེན་རྟོག་ཕྱོགས་ལ་འཛིན་བཟུང་བཀའ་རྒྱ་འབྱོར་རྗེས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གཞི་ཁྱོན་ཆེ་བའི་འཚོལ་འཛིན་བྱེད་པའི་འགུལ་སྐྱོད་སྤེལ། མིག་སྔར་དོགས་ཡོད་མི་སྣ16བཀག་ཉར་བྱས་པ་དང་གཞན་པའི་མི7བྲོས་བྱོལ་བྱས་ཟིན།
2013ལོར་ཐུར་ཁེས་དབྱི་སི་ལན་རྒྱལ་ཁབ་འཇིགས་སྐུལ་རྩ་འཛུགས་སུ་ཁྱབ་བསྒྲགས་བྱས་པ་རེད། ཉེ་སྔོན་རྩ་འཛུགས་དེས་ཐུར་ཁེའི་མངའ་ཁོངས་སུ་འབར་གས་འཇབ་རྒོལ་མང་པོ་བཟོས་ནས་མི་བཅུ་ཕྲག་ཁ་ཤས་ལ་ཤི་རྨས་ཐེབས་ཡོད། ཉེ་བའི་ལོ་ཤས་རིང་ཐུར་ཁེའི་བདེ་འཇགས་དམག་དཔུང་གིས་ས་ཆ་མང་པོ་རུ་དབྱི་སི་ལན་རྒྱལ་ཁབ་དང་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།