ཚེས10ཉིན་དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལ་ཀེ་ཆི་ཏོ་ཧ་རུ་ཨ་རབ་དང་དབྱི་ལིང་གི་གྲོས་མོལ་ཚོགས་འདུ་སྐབས་བཞི་པར་ཞུགས་སྐབས། དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་འཕེལ་རྒྱས་གཏོང་འདོད་མེད་མོད། འོན་ཀྱང་ཞི་བདེའི་ངང་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁྲིམས་མཐུན་དབང་ཆ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།
ཨ་ལ་ཀེ་ཆི་ཡིས་གཏམ་བཤད་བྱེད་སྐབསཞ དབྱི་ལིང་ནི་ཐོག་མཐའ་བར་གསུམ་དུ《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་བྱེད་པའི་ཆིངས་ཡིག》གི་ལྷག་བསམ་རྣམ་དག་གི་ཁོངས་མི་ཞིག་ཡིན་པ་དང་། དབྱི་ལིང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཉིང་རྡུལ་ནུས་པ་ཞི་བས་བེད་སྤྱོད་བྱེད་པའི་དབང་ཆ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་ཉིང་རྡུལ་མཚོན་ཆ་འཚོལ་ཞིབ་བྱེད་འདོད་མེད་པ་དང་གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་ལ་དབྱི་ལིང་གི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཁྲོད་གོ་གནས་ཅི་ཡང་མེད་ཅེས་བསྟན།
ཨ་ལ་ཀེ་ཆི་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཉིང་རྡུལ་གནད་དོན་ཐད་ཚད་གཞི་ཉིས་བརྩེགས་ལག་བསྟར་བྱས་པར་སྐྱོན་བརྗོད་བྱས། ཁོས་རྒྱལ་ཁབ་ཁག་ཅིག་གིས་ཕྱོགས་གཅིག་ནས་དབྱི་ལིང་དང་དེ་མིན་ས་ཁུལ་དེའི་རྒྱལ་ཁབ་གཞན་དག་གི་ཞི་བདེའི་ཉིང་རྡུལ་འཆར་གཞིར་སེམས་ཁྲལ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བཙན་བཟུང་དང་། བཙན་འཛུལ་དང་རིགས་རྒྱུད་རྩ་མེད་གཏོང་བའི་སྲིད་དབང་ཞིག་ལ་ཉིང་རྡུལ་མཚོན་ཆ་འབོར་ཆེན་ཡོད་པའི་ཐད་ཁུ་སིམ་མེར་བསྡད་ཡོད་ཅེས་བཤད།
ཨ་ལ་ཀེ་ཆི་ཡིས་དབྱི་ལིང་གིས་བསམ་པ་བཟང་བོར་བརྟེན་ནས་མུ་མཐུད་དུ་ཨ་རི་དང་ཡོ་རོབ་སོགས་ཕྱོགས་དང་གྲོས་མོལ་བྱ་རྒྱུ་ཡིན་ཟེར། ཁོས་གལ་སྲིད་གྲོས་མོལ་གྱི་དམིགས་འབེན་ནི་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཐོབ་མི་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ཡིན་ཚེ་གྲོས་མཐུན་བཞག་ཆོག་པ་དང་། འོན་ཀྱང་དབྱི་ལིང་གི་ཉིང་རྡུལ་དབང་ཆ་བཙན་འཕྲོག་བྱེད་རྩིས་བྱེད་པ་དང་། ཡང་ན་དོན་དངོས་དང་མི་མཐུན་པ་དང་ལུགས་དང་མི་མཐུན་པའི་བླང་བྱ་གཞན་དག་བཏོན་ཚེ། དབྱི་ལིང་གིས་དེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་ལས་གཡོལ་ཐབས་གཏན་ནས་བྱ་རྒྱུ་མིན་ཞེས་བཤད།
ཚེས9ཉིན་ཨ་ལ་ཀེ་ཆིས་ཚེས11ཉིན་དབྱི་ལིང་གིས་ཨ་རི་དང་སྐོར་ཐེངས་བཞི་པའི་གཞན་བརྒྱུད་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱུང་ཡོད་ཟེར།
ཟླ4བའི་ཚེས12ཉིན་དབྱི་ལིང་དང་ཨ་རིས་ཨ་མན་གྱི་རྒྱལ་ས་མ་སི་ཁ་ཐེ་རུ་སྐོར་ཐེངས་དང་པོའི་གཞན་བརྒྱུད་གྲོས་མོལ་བྱས་པ་དེ་ནི། 2018ལོའི་ཟླ5པར་ཨ་རིས་ཕྱོགས་རྐྱང་པའི་སྒོ་ནས་དབྱི་ལིང་ཉིང་རྡུལ་གྲོས་མཐུན་ལས་ཕྱིར་འཐེན་བྱས་པ་ནས་བཟུང་། ཕྱོགས་གཉིས་ཀྱིས་དངོས་སུ་གྲོས་མོལ་བྱེད་ཐེངས་དང་པོ་རེད། དེའི་རྗེས་ཕྱོགས་གཉིས་ཀྱིས་ཟླ4བའི་ཚེས19ཉིན་དང་ཚེས26ཉིན་སོ་སོར་གཞན་བརྒྱུད་གྲོས་མོལ་ཐེངས་གཉིས་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།