ཝུའུ་ཁི་ལན་གྱིས་ཧང་ག་རིའི་གསང་མྱུལ་པའི་དོགས་པ་ཡོད་པའི་མི་གཉིས་འཛིན་བཟུང་བྱས་པ་ཁྱབ་བསྒྲགས་བྱས།
2025.05.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས9ཉིན་ཝུའུ་ཁི་ལན་དང་ཧང་ག་རི་གཉིས་ཀྱིས་ཕན་ཚུན་ཕྱོགས་ཀྱི་ཕྱི་འབྲེལ་མི་སྣ་གཉིས་ཕྱིར་འབུད་བྱ་རྒྱུ་ཁྱབ་བསྒྲགས་བྱས་ནས་ཕ་རོལ་པས་གསང་མྱུལ་གྱི་བྱ་འགུལ་སྤེལ་བར་སྐྱོན་འཛུགས་བྱས། དོན་རྐྱེན་དེ་ནི་ཝུའུ་ཁི་ལན་གྱི་བདེ་འཇགས་སྒྲིག་གཞིས་ཉིན་དེའི་སྔ་དྲོར་ཧང་ག་རིའི་གསང་མྱུལ་པའི་དོགས་པ་ཡོད་པའི་མི་གཉིས་འཛིན་བཟུང་བྱས་པ་ཁྱབ་བསྒྲགས་བྱས་པ་ལས་བྱུང་བ་རེད།

གནས་ཚུལ་སྤེལ་བ་ལྟར་ན། ཚེས9ཉིན་ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་བཤད་རྒྱུར། སྒྲིག་གཞི་དེས་ཧང་ག་རིར་གསང་མྱུལ་བྱ་འགུལ་སྤེལ་བའི་དོགས་གཞི་ཡོད་པའི་མི་སྣ་གཉིས་བཀག་ཉར་བྱས་ནས། ཁོ་ཚོས་ཝུའུ་ཁི་ལན་གྱི་ནུབ་རྒྱུད་དང་ཧང་ག་རིའི་ས་མཚམས་འབྲེལ་པའི་ཝེ་ཁི་ཨར་པ་ཆན་མངའ་སྡེ་ནས་མཁའ་ཟོན་མ་ལག་གི་གནས་ཡུལ་དང་བཅས་པའི་གསང་འཕྲིན་འཚོལ་སྡུད་བྱས་པར་སྐྱོན་འདོན་ཞུ་གཏུག་བྱས་ཡོད་ཅེས་བཤད།

ཝུའུ་ཁི་ལན་གྱི་རྒྱལ་ཁབ་བདེ་འཇགས་ཅུའུ་ཡི་གསལ་བསྒྲགས་ཤིག་གི་ནང་།  ཝུའུ་ཁི་ལན་གྱི་ལོ་རྒྱུས་སྟེང་ཧང་ག་རིའི་དམག་དོན་གསང་འཕྲིན་དྲ་རྒྱ་ཞིག་ཐོག་མར་དམར་འདོན་བྱས་པ་དང་། ཚོགས་པ་དེས་ང་ཚོའི་རྒྱལ་ཁབ་ལ་གནོད་ཚབས་ཆེ་བའི་གསང་མྱུལ་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་།  མིག་སྔར་གསང་མྱུལ་པ་གཉིས་བཀག་ཉར་བྱས་ཡོད་ཅེས་འཁོད་ཡོད།  གསལ་བསྒྲགས་ནང་བཤད་པ་ལྟར་ན།དོགས་ཡོད་མི་སྣ་ནི་ལོ40ལ་སླེབས་པའི་སྐྱེས་པ་ཞིག་དང་བུད་མེད་ཅིག་ཡིན་པ་དང་།  ཁོ་གཉིས་ཝུའུ་ཁི་ལན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ཡིན་པ་དང་། ཁོ་ཚོས་ཧང་ག་རིའི་གསང་འཕྲིན་དཔོན་རིགས་ཤིག་གི་བཀོད་འདོམས་དང་ལེན་བྱེད་ཀྱི་ཡོད་པ་རེད།

གལ་ཏེ་མི་དེ་གཉིས་རྒྱལ་ཁབ་ལ་ངོ་ལོག་པའི་བྱས་ཉེས་གྲུབ་ཚེ་ཚེ་གང་བོར་བཙོན་འཇུག་བྱེད་སྲིད་ཅེས་འཁོད་ཡོད།

དེའི་རྗེས་སུ་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞིས་ཡ་ཨར་ཏུའོ·ཕིས་ཏི་ཡིས་བཤད་རྒྱུར། ཧང་ག་རིས་ཧང་ག་རིར་སྡོད་པའི་ཝུའུ་ཁི་ལན་གྱི་གཞུང་ཚབ་ཁང་དུ་ཕྱི་འབྲེལ་ལས་དོན་ལ་འགེབས་སྲུང་བྱས་པའི་གསང་མྱུལ་པ་གཉིས་ཕྱིར་འབུད་བཏང་ཡོད་ཅེས་བཤད།  ཁོས་ཝུའུ་ཁི་ལན་གྱི་གསང་མྱུལ་སྐྱོན་འདོན་ཞུ་གཏུག་ནི་ཧང་ག་རི་ཡི་དམའ་འབེབས་བྱ་སྤྱོད་གསར་ཤོས་ཡིན་པར་རྒོལ་གཏམ་བཏང།

ཞི་ཡ་ཨར་ཏུའོ་ཡིས་སྨྱན་བྱད་སྟེང་ཁྱབ་བསྒྲགས་བྱས་པའི་བརྙན་ལམ་དུ།  ཝུའུ་ཁི་ལན་གྱིས་ཧང་ག་རི་དང་ཧང་ག་རི་མི་དམངས་ལ་དམིགས་པའི་སྐུར་འདེབས་བྱ་སྤྱོད་རྒྱུན་ཆད་མེད་པར་སྤེལ་བར་ང་ཚོས་བཟོད་སྒོམ་བྱེད་མི་སྲིད་ཅེས་བཤད་པ་དང་། ཁོས་དེ་ནི་ཝུའུ་ཁི་ལན་ཕྱོགས་ཀྱི་ཧང་ག་རི་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཤིག་ཡིན་པས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་འགྲོ་བའི་ཁྲོད། ཧང་ག་རི་ཡིས་ཝུའུ་ཁི་ལན་ལ་རོགས་སྐྱོར་མ་བྱས་པར་འཁོན་ལན་སློག་པར་ངོས་འཛིན་བྱེད་ཀྱི་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་ཨན་ཏི་ལེ·སི་པི་ཅ་ཡིས་བཤད་རྒྱུར། ཧང་ག་རིའི་ཕྱི་འབྲེལ་དཔོན་པོ་གཉིས་ངེས་པར་དུ་དུས་ཚོད48ཀྱི་ནང་དུ་རང་རྒྱལ་ནས་ཁ་འབྲལ་དགོས།ང་ཚོས་ཝུའུ་ཁི་ལན་་དུ་སྡོད་པའི་ཧང་ག་རིའི་གཞུང་ཚབ་ཆེན་མོར་སྐད་བཏང་མ་ཐག་ཡིན།དེ་ནི་འདྲ་མཉམ་གྱི་རྩ་དོན་དང་རང་རྒྱལ་གྱི་ཁེ་ཕན་ལ་གཞིགས་ནས་ཧང་ག་རིའི་བྱ་སྤྱོད་ལ་ལན་བཏབ་པ་ཡིན་ཞེས་བཤད།

ཧང་ག་རི་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ནུབ་ཀྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་ཡིན། ལུའུ་ཐི་གསར་འགྱུར་ཁང་དང་ཧྥ་རན་སི་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན།ཉེ་བའི་ལོ་ཤས་རིང་ཧང་ག་རི་དང་ཝུའུ་ཁི་ལན་བར་གྱི་འབྲེལ་བ་ཛ་དྲག་ཏུ་འགྲོ་བཞིན་ཡོད།  ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་འགྲོ་བའི་རིང་ཝུའུ་ཁི་ལན་ཕྱོགས་དང་ཡོ་རོབ་མནའ་འབྲེལ།  བྱང་ཆིངས་བཅས་ཀྱི་བར་དུ་འབྲེལ་བ་དམ་ཟབ་ཡོད་མོད།འོན་ཀྱང་ཧང་ག་རིའི་ཙུང་ལི་ཨོ་ཨར་པན·ཝེ་ཁེ་ཐའོ་ཡིས་ནུབ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པར་ཐོག་མཐའ་བར་གསུམ་དུ་དོགས་འདྲི་བྱེད་པའི་རྣམ་འགྱུར་འཛིན་གྱི་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།