ཚེས9ཉིན་ཨེ་ཁྭ་ཏོར་གྱི་དམག་དཔུང་གིས་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཤར་རྒྱུད་ཀྱི་ཨའོ་ལེ་ཡ་ན་ཞིང་ཆེན་གྱི་མངའ་ཁོངས་སུ་ཉིན་དེར་དྲག་ཆས་འཇབ་རྒོལ་གྱི་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་དམག་མི11རྐྱེན་ལམ་དུ་ཤོར་ཟེར།
ཨེ་ཁྭ་ཏོར་གྱི་དམག་དཔུང་གིས་སྤྱི་བསྒྲགས་ཤིག་སྤེལ་ནས་བཤད་རྒྱུར། ཉིན་དེར་ཨའོ་ལེ་ཡ་ན་ཞིང་ཆེན་མངའ་ཁོངས་ཀྱི་ས་ཁུལ་ཞིག་ཏུ། དམག་འཐབ་དཔུང་སྡེ་ཞིག་གིས་ཁྲིམས་འགལ་གྱི་གཏེར་འདོན་བྱ་སྤྱོད་ལ་རྡུང་རྡེག་གཏོང་སྐབས། ཁྲིམས་འགལ་དྲག་ཆས་ཚོགས་པའི་འཇབ་རྒོལ་ཐེབས་ནས་ཉུང་མཐར་ཡང་དམག་མི11རྐྱེན་ལམ་དུ་ཤོར་བ་དང་དམག་མི1ལ་རྨས་ཕོག་ཡོད་ཅིང་། ཁྲིམས་འགལ་དྲག་ཆས་ཚོགས་པ་དེའི་ཁོངས་མི་གཅིག་བསད་ཟེར།
ས་གནས་དེའི་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། འཇབ་རྒོལ་བྱེད་མཁན་དྲག་ཆས་ཚོགས་པའི་མིང་ལ་མཐའ་མཚམས་འཕྲལ་རྒོལ་རུ་ཁག་ཟེར་ཞིང་། སྔོན་ཆད་ཀྱི་ཁོ་ལོམ་པི་ཡའི་གསར་བརྗེའི་དྲག་ཤུགས་དཔུང་སྡེ་དེ་ཁ་ཐོར་རྗེས་ཀྱི་ཁོངས་མི་ཁག་ཅིག་གིས་གྲུབ་པ་དང་། ཨེ་ཁྭ་ཏོར་མཐའ་མཚམས་ས་ཁུལ་གྱི་དྲག་ཆས་ཚོགས་ཁག་གཙོ་བོའི་གྲས་ཤིག་རེད།
ཨའོ་ལེ་ཡ་ན་ཞིང་ཆེན་ནི་ཕེ་རུའུ་དང་ས་མཚམས་འབྲེལ་ཡོད་པ་དང་ཁོ་ལོམ་པི་ཡ་དང་ཐག་ཉེ་ཞིང་། དེ་ནི་ཨེ་ཁྭ་ཏོར་གྱི་གཏུམ་སྤྱོད་ཉེས་གསོག་ཚབས་ཆེ་ཤོས་ཀྱི་ཞིང་ཆེན་གྲས་ཀྱི་གཅིག་རེད། ད་ལོའི་ཟླ4བའི་ཚེས12ཉིན། ཨེ་ཁྭ་ཏོར་གྱི་ཙུང་ཐུང་ནོ་ཝོ་ཡ་ཡིས་སྲིད་ཁྲིམས་ཁྱབ་བསྒྲགས་བྱས་ནས། ནང་ཁུལ་དུ་གཡོ་འགུལ་ཚབས་ཆེན་བྱུང་བའི་དབང་གིས་ཨའོ་ལེ་ཡ་ན་ཞིང་ཆེན་དང་ཀྭ་ཡ་སི་ཞིང་ཆེན་སོགས་ཞིང་ཆེན7དང་། རྒྱལ་ས་ཅི་ཏུའོ་གྲོང་ཁྱེར་སོགས་གྲོང་ཁྱེར2ཉིན60རིང་ཛ་དྲག་གི་གནས་སུ་གྱར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།