ཙེ་ལན་སི་ཅི་ཡིས་ཐུར་ཁེ་རུ་ཕུའུ་ཅིན་ལ་སྒུག་རྒྱུ་ཡིན་པར་བཤད།
2025.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས11ཉིན་གྱི་དགོང་མོ། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས12ནས་བཟུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་བར་ཕྱོགས་ཡོངས་ནས་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པའི་རེ་སྒུག་བྱེད་བཞིན་ཡོད་པ་དང་། ཁོས་ཐུར་ཁེ་རུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྲོས་མོལ་བྱེད་དུ་ཡོང་བར་སྒུག་རྒྱུ་ཡིན་ཞེས་བཤད།

ཙེ་ལན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས12ཉིན་ནས་བཟུང་ཁྱོན་ཡོངས་དང་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པར་རེ་སྒུག་བྱེད་ཀྱི་ཡོད་པ་དེས་ཕྱི་འབྲེལ་བྱེད་སྒོར་དགོས་ངེས་ཀྱི་རྨང་གཞི་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།  ཚེས15ཉིན་ཁོས་ཐུར་ཁེ་རུ་ཕུའུ་ཅིན་ལ་སྒུག་རྒྱུ་རེད།

ཚེས11ཉིན་ཕུའུ་ཅིན་གྱིས་སྨྱན་བྱད་ལས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཚེས15ཉིན་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཐུར་ཁེའི་དབྱི་སི་ཐན་པུར་དུ་ཆ་རྐྱེན་མེད་པའི་སྒོ་ནས་ཐད་ཀར་དུ་ཡང་བསྐྱར་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་པ་རེད། ཕུའུ་ཅིན་གྱིས་ད་དུང་གྲོས་མོལ་བྱེད་པའི་རིང་ལ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་གསར་པ་ཁག་ཅིག་གི་ཐད་ངོས་ཟིན་གཅིག་མཐུན་འབྱུང་སྲིད་ཟེར།

དེའི་ཐད་ཙེ་ལན་སི་ཅི་ཡིས་ཚེས11ཉིན་གྱི་སྔ་དྲོ་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཨུ་རུ་སི་ཕྱོགས་ཀྱིས་དམག་འཁྲུག་མཇུག་བསྒྲིལ་བར་བསམ་གཞིག་བྱེད་པ་ནི་དགེ་མཚན་ལྡན་པའི་བརྡ་རྟགས་ཤིག་ཡིན་པ་དང་། ཨུ་རུ་སི་ཕྱོགས་ཀྱིས་ཁྱོན་ཡོངས་དང་ཡུན་རིང་། བློས་འགེལ་ཆོག་པ་བཅས་ཀྱི་དམག་འཁྲུག་མཚམས་འཇོག་པར་ཁས་ལེན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས12ཉིན་ནས་བཟུང་གྲོས་མོལ་བྱེད་འདོད་ཡོད།  དེའི་སྔོན་ཝུའུ་ཁི་ལན་ཕྱོགས་ཀྱིས་ཚེས་12ནས་བཟུང་ཉུང་མཐར་ཡང་ཉིན30ཡི་རིང་ལ་ཆ་རྐྱེན་མེད་པའི་སྒོ་ནས་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་རྩིས་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།