ཕུའུ་ཅིན་གྱིས་ཆ་རྐྱེན་མེད་པའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་ཡང་བསྐྱར་མགོ་རྩོམ་རྒྱུའི་གྲོས་གཞི་བཏོན།
2025.05.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ས་དེའི་དུས་ཚོད་ཚེས11ཉིན་གྱི་ཐོ་རེངས་དུས་སུ་སྨྱན་བྱད་ལས་གསལ་བསྒྲགས་སྤེལ་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཚེས15ཉིན་ཐུར་ཁེའི་དབྱི་སི་ཐན་པོར་དུ་ཆ་རྐྱེན་མེད་པའི་སྒོ་ནས་ཐད་ཀར་དུ་ཡང་བསྐྱར་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས2022ལོར་མཚམས་བཞག་པའི་གྲོས་མོལ་སླར་ཡང་མགོ་རྩོམ་རྒྱུའི་གྲོས་མགོ་བཏོན་པ་དང་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་འདོན་རྒྱུ་མིན། ཨུ་རུ་སི་ཕྱོགས་ཀྱིས་གྲོས་མོལ་སྐོར་གྱི་གྲོས་གཞི་གསལ་བོར་བཏོན་ཡོད་པ་དང་། ཐག་གཅོད་བྱེད་པའི་དབང་ཆ་དེ་ཝུའུ་ཁི་ལན་གྱི་ལག་ཏུ་ཡོད། ཨུ་རུ་སིས་ཝུའུ་ཁི་ལན་གྱི་ཕྱོགས་ལ་གཟབ་ནན་གྱིས་གྲོས་མོལ་བྱ་རྩིས་ཡོད་པ་དེའི་དམིགས་ཡུལ་ནི། འགལ་རྩོད་ཀྱི་འབྱུང་རྩ་མེད་པར་བཟོ་བ་དང་ལོ་རྒྱུས་དང་མ་འོངས་པར་ཁ་ཕྱོགས་ནས་ཡུན་རིང་གི་ཞི་བདེ་བསྐྲུན་པར་གཞོལ་རྒྱུ་དེ་ཡིན། ཨུ་རུ་སི་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་ཡང་ཡང་བཏོན་མྱོང་བ་དང་། ཝུའུ་ཁི་ལན་ཕྱོགས་དང་གྲོས་མོལ་བྱེད་པར་ཁས་མ་བླངས་པ་ཐེངས་གཅིག་ཀྱང་མེད་ཟེར།

ཕུའུ་ཅིན་གྱིས་གྲོས་མོལ་བྱེད་པའི་སྐབས་སུ་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་གསར་པ་ཁག་ཅིག་གི་ཐད་གཅིག་མཐུན་གྱི་ལྟ་ཚུལ་འབྱུང་སྲིད་ཟེར།

ཕུའུ་ཅིན་གྱིས་ཡོ་རོབ་ཀྱི་རྒྱལ་ཁབ་སྐོར་ཞིག་གིས་སྔར་བཞིན་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་གཏམ་བརྗོད་སྤེལ་བར་མ་ཟད། རྣམ་འགྱུར་མི་ལེགས་པ་བཟུང་ནས་ཨུ་རུ་སི་ཕྱོགས་དང་བརྗེ་རེས་བྱེད་བཞིན་ཡོད་མོད། འོན་ཀྱང་ཁོས་སྔར་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་བར་དུ་དགེ་མཚན་ལྡན་པའི་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།