ཚེས10ཉིན། ཨུ་རུ་སིའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཚོགས་པས་བཤད་རྒྱུར། སའི་གོ་ལ་བསྐོར་བའི་འཁོར་ལམ་དུ་འཁོར་སྐྱོད་བྱས་ནས་ལོ53སོང་རྗེས། སུའུ་ལེན་དུས་རབས་སུ་འཕེན་གཏོང་བྱས་པ་དང་སྐར་མ་པ་སངས་སྟེང་བསྐྱོད་པའི་དམིགས་ཡུལ་མ་འགྲུབ་པའི་འཇིག་རྟེན་འཕུར་ཆས482རྟགས་ཅན་དེ་ཉིན་དེའི་སྔ་དྲོར་འཁོར་ལམ་དང་ཁ་བྲལ་ནས་ཧིན་རྡུ་རྒྱ་མཚོ་ཆེན་མོར་ལྷུང་བ་རེད།
ཨུ་རུ་སིའི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཚོགས་པས་ཉིན་དེར་སྨྱན་ལམ་བརྒྱུད་ནས་གོང་གསལ་གྱི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། འཇིག་རྟེན་འཕུར་ཆས482ནི་མོ་སི་ཁོའི་དུས་ཚོད་ཚེས10ཉིན་གྱི་སྔ་དྲོའི་དུས་ཚོད9དང་སྐར་མ24སྟེང་སའི་གོ་ལའི་རླུང་ཁམས་ཆེན་པོའི་བང་རིམ་དུ་འཛུལ་རྗེས་ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏའི་ནུབ་རྒྱུད་ཀྱི་ཧིན་རྡུ་རྒྱ་མཚོའི་ནང་དུ་ལྷུང་ཡོད་པ་རེད།
འཇིག་རྟེན་འཕུར་ཆས་དེ1972ལོར་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། ཐོག་མར་སྐར་མ་པ་སངས་སྟེང་ནས་འཚོལ་ཞིབ་ལས་འགན་བསྒྲུབ་རྩིས་ཡོད་མོད། འོན་ཀྱང་མེ་ཤུགས་འཕུར་མདའི་སྐུལ་འདེད་ཆས་ལ་ཆག་སྐྱོན་བྱུང་བའི་དབང་གིས་དམིགས་ཡུལ་དུ་སླེབས་མ་ཐུབ་པར་དུས་ཡུན་རིང་པོར་འཁོར་ལམ་དུ་ལུས་པ་རེད།
ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཚོགས་པས་སྤེལ་བའི་གནས་ཚུལ་ལྟར་ན།་འཇིག་རྟེན་འཕུར་ཆས482མང་ཆེ་བ་མཁའ་དབྱིངས་སུ་འཕུར་རྗེས་ཀྱི་ལོ10ཡི་ནང་དུ་སར་ལྷུང་བ་དང་མཐར་ཚངས་ཐིག་ལ་རྨིད1ཙམ་ཡོད་པའི་ཟླུམ་དབྱིབས་སར་འབབ་འཕྲུལ་ཆས་ལས་ཅི་ཡང་ལྷག་མེད། སར་འབབ་འཕྲུལ་ཆས་འདིའི་ཕྱི་རིམ་གྱི་ལྗིད་ཚད་ལ་སྤྱི་རྒྱ500ཙམ་ཡོད།འཁོར་ལམ་ཇེ་ཆུང་དུ་སོང་བ་དང་བསྟུན་ནས། འཇིག་རྟེན་འཕུར་ཆས482ཀྱི་ལྷག་རོ་དེས་མཇུག་མཐར་སའི་གོ་ལའི་འཐེན་ཤུགས་མ་ཐེག་པར་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ནང་དུ་ལྷུང་བ་རེད།
སྐར་མ་པ་སངས་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་དྲོད་ཚད་ཆེས་མཐོ་བའི་རྒྱུ་སྐར་ཡིན། ཆེད་མཁས་པ་ཁག་ཅིག་གིས་འཇིག་རྟེན་འཕུར་ཆས482དེ་རྒྱུ་སྐར་དེའི་སྟེང་དུ་འཕུར་བར་ཇུས་འགོད་དང་བཟོ་སྐྲུན་བྱས་པ་ཡིན་ལ། དྲོད་ཚད་ཧ་ཅང་མཐོན་པོ་ཐེག་ཐུབ་པས་སའི་གོ་ལའི་རླུང་ཁམས་ཆེན་པོའི་བང་རིམ་དུ་བསྐྱར་དུ་འཛུལ་སྐབས་ཀྱི་དྲོད་ཚད་ལས་ཚང་མ་བཞུ་མི་སྲིད་པར་ཆག་རོ་སར་ལྷུང་སྲིད་ཟེར། འོན་ཀྱང་ཞིབ་འཇུག་མི་སྣས་ཆག་རོ་དེ་མི་ལ་ཕོག་པའི་ཚད་ཧ་ཅང་དམའ་བར་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།