ཚེས10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཁོའི་མགྲིན་ཚབ་པ་བརྒྱུད་ནས་གསལ་བསྒྲགས་སྤེལ་ཏེ། རྒྱ་གར་དང་ཕ་ཁི་སི་ཐན་བར་དུ་ཉིན་དེར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་པར་དགའ་བསུ་ཞུས།
གསལ་བསྒྲགས་ལས་བཤད་རྒྱུར། ཀུའུ་ཐི་ལེ་སི་ཡིས་རྒྱ་གར་དང་ཕ་ཁི་སི་ཐན་བར་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་པར་དགའ་བསུ་ཞུས་པ་དང་། དེ་ནི་མིག་སྔའི་དགྲར་འཛིན་གྱི་རྣམ་པ་མཇུག་བསྒྲིལ་རྒྱུ་དང་ཛ་དྲག་གི་གནས་བབ་ཞི་ལྷོད་དུ་གཏོང་བའི་ཕྱོགས་སུ་སྤོས་པའི་དགེ་མཚན་ལྡན་པའི་གོམ་པ་ཞིག་ཡིན་པར་ངོས་འཛིན་བྱས། ཀུའུ་ཐི་ལེ་སི་ཡིས་གྲོས་མཐུན་དེས་ཡུན་རིང་ཞི་བདེ་མངོན་འགྱུར་འབྱུང་བར་ཕན་ཐོགས་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་བར་དེ་ལས་རྒྱ་ཁྱབ་དང་ཡུན་རིང་གནས་པའི་གནད་དོན་ཐག་གཅོད་བྱེད་པར་ཕན་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་ཁུལ་དེའི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་བ་དམིགས་ཡུལ་ཡིན་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར།
ཚེས10ཉིན་གྱི་སྔ་མོར། ཕ་ཁི་སི་ཐན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་བའི་ཏ་ཨར་གྱིས་སྨྱན་བྱད་བརྒྱུད་ནས། ཕ་ཁི་སི་ཐན་དང་རྒྱ་གར་ཕྱོགས་གཉི་ཀ་མྱུར་དུ་དམག་འཁྲུག་མཚམས་འཇོག་པར་མོས་མཐུན་བྱུང་ཡོད་ཅེས་བཤད། ཉིན་དེར་རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཡིག་ཐང་ཡུང་ཧྲིན་གྱིས་རྒྱ་གར་དང་ཕ་ཁི་སི་ཐན་བར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཟླ4པའི་ཚེས22ཉིན། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཁི་ཧྲི་མིས་ཨར་ས་ཁུལ་དུ་ཡུལ་སྐོར་པར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། དེའི་རྗེས་སུ་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་བྱེད་ཐབས་བཙན་པོ་སྤྱད་པས་གནས་བབ་ཛ་དྲག་ཏུ་གྱུར་བ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།