དབྱི་སི་རལ་གྱིས་མ་འོངས་པར་གྲོས་མོལ་ཚང་མ་འཐབ་འཁྲུག་གི་མེ་ལྕེའི་ཁྲོད་དུ་སྤེལ་དགོས་པར་བཤད།
2025.05.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཚེས11ཉིན། དབྱི་སི་རལ་གྱི་ཙུང་ལིས་གཞུང་སྒྲུབ་ཁང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་སྲིད་ཇུས་གཞིར་བཟུང་ན་མ་འོངས་པའི་གྲོས་མོལ་ཚང་མ་འཐབ་འཁྲུག་གི་མེ་ལྕེའི་ཁྲོད་དུ་སྤེལ་ནས་དམག་འཁྲུག་གི་དམིགས་འབེན་ཚང་མ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར།  ཨ་རི་ཕྱོགས་ཀྱིས་དབྱི་སི་རལ་ལ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་ཨ་རི་དང་དབྱི་སི་རལ་གྱི་རྒྱལ་ཁོངས་གཉིས་ཡོད་པའི་བཀག་ཉར་མི་སྣ་ཨའེ་ཏན·ཡ་ལིས་ཧྲན་ཏ་གློད་གྲོལ་གཏོང་བའི་བརྡ་ཐོ་བཏང་བ་དང་། བྱེད་སྟངས་དེ་ནི་ཧ་མ་སིས་ཨ་རི་ཕྱོགས་ལ་བསྟན་པའི་རྣམ་འགྱུར་ཞིག་ཡིན་ཞིང་། སྔོན་དཔག་བྱས་ན་ཕྱོགས་གཉིས་ཀྱིས་ཨ་རིའི་དབུས་ཤར་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཧྲི་ཏི་ཝན·ཝེ་ཐེ་ཁི་ཧྥུའུ་ཡིས་ཉེ་སྔོན་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་ཇུས་གཞི་གཞིར་བཟུང་ནས། བཀག་ཉར་བྱས་པའི་མི་སྣ་ལྷག་མ་གློད་གྲོལ་གཏོང་བའི་སྐོར་གྲོས་མོལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་འཁོད་ཡོད། ཉེ་སྔོན་དབྱི་སི་རལ་ཇུས་གཞི་དེར་མོས་མཐུན་བྱུང་བར་མ་ཟད། ཇུས་གཞི་དེ་མངོན་འགྱུར་འབྱུང་བར་གྲ་སྒྲིག་བྱེད་བཞིན་ཡོད།

ཚེས11ཉིན་གྱི་དགོང་མོར། ཧ་མ་སིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཧ་མ་སིས་འདས་ཟིན་པའི་ཉིན་འགའི་ནང་ཨ་རིའི་སྲིད་གཞུང་དང་འབྲེལ་གཏུག་བྱས་པ་དང་།  ཨའེ་ཏན·ཡ་ལིས་ཧྲན་ཏ་གློད་གྲོལ་གཏོང་རྒྱུ་ནི་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པ་དང་མཐའ་མཚམས་འགག་སྒོའི་སྒོ་འབྱེད་པ། རོགས་སྐྱོར་དངོས་རྫས་ཅ་ཧྲ་ས་ཁུལ་གྱི་མང་ཚོགས་ལ་སྐྱེལ་ཆོག་པ་བཅས་ཀྱི་འབད་བརྩོན་གྱི་ཆ་ཞིག་ཡིན་ཞེས་བཤད།  ཧ་མ་སིས་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་བྱས་ཏེ་དམག་འཁྲུག་མཚམས་བཞག་ནས་བཀག་ཉར་བྱས་པའི་མི་སྣ་བརྗེ་རེས་བྱ་རྒྱུ་ཡིན་པར་མ་ཟད། རང་ཚུགས་དང་ཆེད་ལས་ཀྱི་ཨུ་ཡོན་ལྷན་ཁང་ཞིག་གིས་ཅ་ཧྲ་ས་ཁུལ་ལ་དོ་དམ་བྱས་ཏེ། ས་ཁུལ་དེས་མ་འོངས་པའི་ལོ་མང་པོའི་རིང་ལྷིང་འཇགས་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་པར་འགན་ལེན་བྱེད་པ་དང་དུས་མཚུངས་སུ་བསྐྱར་སྐྲུན་དང་བཀག་སྡོམ་མཇུག་བསྒྲིལ་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།